འབྲོག་པའི་རུ་སྤོ། ཁྱུང་ཐར་རྒྱལ།

རྩོམ་པ་པོ།: 2013-10-13
རུས་མིང་། ཁྱུང་ཐར་རྒྱལ།
འཛིན་གྲྭ མཐོ་གཅིག་འཛིན་གཅིག
        གྲོང་ཁྱེར་གྱི་མཚན་མོ་ནི་ཇི་འདྲའི་སྨག་ནག་ལ་སྐྱི་གཡའ་བ་ཞིག་རེད་ཨང་། མཁའ་དབྱིངས་ཀྱི་སྤྲིན་པ་མཐུག་དྲག་པའམ་གྲོང་ཁྱེར་གྱི་དུ་རླངས་མང་དྲག་པས་ཡིན། གང་ལྟར། དཀར་གསལ་གྱི་ཟླ་བ་དེ་མཐོང་ལམ་དུ་གྱུར་མ་སོང་། སྨག་རུམ་གྱིས་མགོ་བོ་བཏུམས་ཤིང་སུན་སྣང་གིས་སེམས་པ་བཟུང་བས། ཡོད་ཚད་གཞན་དབང་དུ་གྱུར་བ་ལྟ་བུའི་ཚོར་བ་ཞིག་དབང་མེད་དུ་སྐྱེས་ཤིང་། ལུས་སེམས་སྦྲིད་པའི་འཕྲུལ་སྣང་ཞིག་ཀྱང་ཞོར་གྱིས་འོངས། དངན་པ་རིང་བོ་ཞིག་ཤུགས་ཀྱིས་འཐེན་རྗེས། སེམས་ཀྱི་སྐྱོ་བ་དང་སུན་སྣང་མཐའ་དག་རླུངལ་བསྐུར་ཆེད། ངས་ཕྱིར་དྲན་རིང་མོ་ཞིག་གི་མགོ་བརྩམས་ཤིང་། གཏམ་རྒྱུད་མཚར་བོ་ཞིག་གི་སྣེ་དྲངས།
        ཨོ། དེ་ནི་དུས་བྱ་ལྟ་བུའི་འབྲོག་པ་ཚོས་དུས་ཚིགས་ལྟར་དུ་རུ་སྤོ་བའི་རྣམ་པ་དེ་མ་ཡིན་ནམ། རུ་སྤོ་བ་ནི་ཁོ་ཚོའི་འཚོ་བའི་ཁྲོད་ཅིས་ཀྱང་བརྒྱུད་དགོས་པའི་དོན་དག་ཅིག་ཏུ་གྱུར་ཡོད་ཅིང་། དེ་ནི་དུས་ཚིགས་ཀྱི་འགྱུར་བ་དང་བསྟུན་ནས་ས་གནས་མི་འདྲ་བར་སོང་ནས་འཚོ་བ་རོལ་བ་ཡིན། དེ་བས། ས་གནས་དེ་དག་ལ་དུས་ཚིགས་དང་སྦྱར་ནས་མིང་བཏགས་ཡོད་ལ། དབྱར་ཁའི་སྡོད་གནས་ལ་དབྱར་ས་ཟེར་ཞིང་། དགུན་ས་དང་སྟོན་ས་ཡང་དེ་བཞིན་ནོ།།
        སོ་ནམ་པས་སྟོན་ཁའི་ལོ་ལེགས་ལ་རེ་བ་ཇི་བཞིན། ཕྱུགས་སྐྱོང་བས་དཔྱིད་ཀྱི་ལྗང་མྱུག་ལ་སེམས་ཀྱིས་སྒུག་ཡོད། དཔྱིད་ཟླ་བའི་མྱུ་གུའི་མགོ་བོ་འཇུར་བ་དེས་འབྲོག་མིའི་སེམས་ཁོང་ལ་ཚད་མེད་ཀྱི་སྤྲོ་བ་དང་རེ་བ་བསྐྱལ་ཡོང་ལ། རུ་སྤོ་བའི་འགྲུལ་བཞུད་རིང་མོ་དེའི་མགོ་རྩོམ་པར་ཡང་དྲན་སྐུལ་གྱི་བརྡ་རྟགས་བར་མེད་དུ་གཏོང་བཞིན་གདའ།
        ཟླ་བཞི་བའི་ཁུ་ལོས་གསུང་སྙན་སྒྲོག་དུས། སྤང་མེ་ཏོག་སྐར་ཚོགས་ས་ལ་བཀྲམ་དུས། སྣང་བ་བར་སྣང་ན་འཕྱོ་བའི་འབྲོག་མི་ཚོས་འབྲོག་གླུ་སིང་སིང་ཞིག་ངག་ནས་གྱེར་ཞོར། གཡག་རོག་པོ་རེ་ལ་དོས་ཁལ་རེ། རྟ་འདོ་བ་རེ་ལ་སྐྱ་མི་རེ་བྱས་ནས། ཟང་ཟིང་ལང་ལོང་ངང་ཁྱིམ་གཞིས་དྲོན་མོ་དེ་དགུན་ས་ནས་དབྱར་སར་ཆས་འགྲོ། བུད་མེད་ཚོས་ཐང་ཆེན་མེ་ལོང་འདྲ་བ་ཞིག་ནས་ཐང་ནག་གཤོག་པ་བརྐྱངས་འདྲའི་སྦྲ་ནག་དེ་ཕུབ་པའི་མོད། མཚེར་ཇ་དྲོན་མོ་ཞིག་བསྐོལ་བར་བྲེལ་འདུག་ཅིང་། སྐྱེས་པ་ཚོ་ནི་གཡང་དཀར་ལུག་རྗེས་ནས་འདོ་རིག་རྟ་ཕོའི་གོང་ན། སོས་དལ་བག་ཕེབས་ཀྱིས་བགྲོད་བཞིན་མཆིས། རེད་ཡ། དེ་རིང་གི་ཁོ་ཚོར་ལས་འགན་ཆེར་མེད་ལ། སྨག་ནག་གི་ཡོལ་བ་མ་འཐེན་གོང་ནས་ལུག་ཁྱུ་ལྷས་ར་གསར་བར་བཅུག་ཚེ། ལས་འགན་ཡོངས་སུ་འགྲུབ་པའི་རྟགས་སུ་མངོན་པས་ན། ད་ནི་སྒྱིད་ལུག་ངང་ཁྱིམ་བདག་མའི་མཚེར་ཇ་ལོངས་སུ་སྤྱད་ཆོག
        དབྱར་ཉི་ཚ་བོ་དེ་གཞོན་ནུ་མའི་བཞོ་གླུ་དང་བསྡོངས་ནས་ཤར་འོང་ལ། ཉི་ཟེར་དང་བསིལ་བ་འཕྲད་ས་ནས་འོད་མདངས་ཤིག་ཆེམ་ཆེམ་དུ་འཚེར་བཞིན་མཆིས། ཨེ་མ། དབྱར་ཟླའི་ཕང་བའི་འབྲོག་སྡེ་ནི་སྟེང་ཕྱོགས་ལྷ་ཡུལ་ལས་མཛེས་ལ། འོག་མ་ཀླུ་ཡུལ་ལས་སྐྱིད་འདུག ད་ལྟའི་འབྲོག་མི་ཚོ་ནི་འོ་མའི་མཚོ་འཇིངས་ན་ཤ་ཞོའི་རི་སུལ་ན་བདེ་སྐྱིད་ཀྱིས་འཚོ། རེད་དེ། འཇིག་རྟེན་དུ་རྟག་བརྟན་གྱི་བདེ་བ་ཞིག་ག་ལ་མཆིས། དར་བའི་མཐའ་ལ་རྒུད་པ་ཞེས་པ་ལྟར། དབྱར་ཟླའི་དཔལ་ཡོན་ནི་རེ་ཞིག་རྫོགས་པར་གྱུར་བས། འབྲོག་མི་ཚོས་སླར་ཡང་འགྲུལ་བཞུད་ཀྱི་མགོ་བརྩམས་བྱུང་།
        སྟོན་རླུང་འཇམ་པོ་དལ་གྱིས་ལྡང་དུས། སྟོན་རླུང་སེར་བོ་རླུང་གིས་འཁུར་དུས། ཁོ་ཚོ་སྔར་བཞིན་ལམ་ལ་ཆས་སོང་། ད་ཐེངས་ཀྱི་འབབ་ཡུལ་ནི་དབྱར་ས་དང་མི་འདྲ་བར། ཆེས་དམའ་བའི་ས་ཆར་འབབ་པས་ན། སྟོན་ས་ལ་ཤོད་ཅེས་ཀྱང་ཟེར།
        སྟོན་སར་བབས་པའི་ཉིན་མོ་ནས། སྔར་བཞིན་རྩྭ་ཆུ་གསར་བར་སྤྱོད་རྒྱུ་ཡོད་པས། འབྲོག་མི་ཚོ་ཡང་སྔར་ལྟར་བག་ཕེབས་སུ་གྱུར་སོང་། རེད་ཡ། སྟོན་གྱི་ས་གཞི་སེར་པོ་ན། བག་ཡངས་ཀྱི་ལུག་ཁྱུ་དེ་ཡང་སྔར་ལྟར་བག་ཡངས་ཀྱིས་འཚོ་ལ། མཐིང་སྨུག་གཡུ་སྦྲ་སྨུག་པོ་ན། སྒྱིད་ལུག་གི་འབྲོག་མི་ཚོ་སྔར་ལྟར་སྒྱིད་ལུག་གིས་འདུག འོན་ཀྱང་། གྲང་རེག་གི་ཕོ་ཉ་དེས་ཁོ་ཚོའི་བདེ་བ་རྨང་ནས་བཅོམ་པའི་སྟ་གོན་བྱེད་བཞིན་མཆིས་ལ། ཁུ་ལོ་འཕུར་སོང་། རྩྭ་ལྗང་སྐམ་སོང་། ནོར་འཛིན་མས་ཀྱང་མི་སྡུག་པའི་ཉམས་ཤིག་ངང་ངམ་ཤུགས་ཀྱིས་སྟོན་བཞིན་འདུག
        ཁ་བའི་འདབ་མས་སྟངས་སྟབས་དལ་གྱིས་བསྒྱུར་དུས། དགུན་རླུང་ངར་མས་ས་གཞི་འཁྱག་གིས་བསྡམས། འབྲོག་མི་ཚོས་སྔར་ལྟར་སྐྱས་ལམ་རིང་མོ་དེའི་ལམ་སྣེ་རྡོག་པས་མནན་ནས། སྟོན་ས་ནས་དགུན་སར་ཆས་འགྲོ། སུ་དང་གང་གིས་ཁམ་ཤུད་མ་བྱས་པའི་དགུན་སའི་ལྕགས་ར་གྲུ་བཞི་ནི། ཁོ་ཚོའི་དགུན་ཟླ་རིང་མོ་འདིའི་རྒྱགས་ཕྱེ་ལགས། དབྱར་རྩྭ་དང་སྟོན་རྩྭ་ལྟ་བུའི་བཅུད་མེད་ཀྱང་། ཉག་རིང་ལ་རྫོང་སྟུག་པའི་རྩྭ་སྐྱ་དེ་དག་གིས་ཀྱང་སྒོ་ཕྱུགས་ལྷས་ར་གང་བོའི་ཚེ་སྲོག་ཕྲ་མོ་སྟོབས་ཀྱིས་བཏེགས་ཡོད། རེད་ཡ། དགུན་ཟླའི་གྲང་ངར་ཁྲོད་ཀྱི་འབྲོག་མི་ཚོ་ད་ནི་བྲེལ་འཚུབ་ཀྱིས་འཚོ་ལ། སློག་པ་སྣུམ་ལོག་དེའི་ཁོང་གསེང་ནས་རིག་རིག་མིག་ཟུང་དེ་ལྷས་འདབས་ཀྱི་སྒོ་ཕྱུགས་ལ་གཏན་དུ་ཅེར་འདུག
        འབྲོག་པའི་རུ་སྤོ་ནི་མཁས་པ་སུ་ཞིག་གི་སེམས་རྒྱུད་ལས་འཁྲུངས་པའི་ཐམས་ལམ་ཟབ་མོ་དེ་ཡིན། ཐབས་ལམ་དེ་མེད་ཚེ་འབྲོག་མིའི་དབུགས་རྒྱུན་སྔ་མོ་ནས་ཆད་ཟིན་ལ། ད་ནི་འབྲོག་པ་ཞེས་པའི་མིང་ཚིག་འདི་ཡང་ཡོད་ཚོད་མི་འདུག འབྲོག་མིའི་རུ་སྤོ་ནི་ཡུལ་སྐོར་བ་གང་ཞིག་གིས་འཆར་འགོད་བྱས་པའི་ལྗོངས་ལམ་སྐྱིད་པོ་དེ་ཡིན། འཆར་འགོད་དེ་མེད་ཚེ་དུས་ཀྱི་འཁོར་བསྐྱོད་དང་འགྲོགས་ནས་ལྗོངས་ཀྱི་མཛེས་པ་དེ་མཐོང་མི་ཐུབ་ལ། ཡིད་སེམས་འགུག་པའི་ལྟད་མོ་དེ་དག་ག་ལ་རིག
མཛུབ་སྟོན་དགེ་རྒན།  ཚེ་རིང་བཀྲ་ཤིས།