རྨི་ལམ། བན་དེ་རྒྱ་མཚོ།

རྩོམ་པ་པོ།: 2013-10-13
རུས་མིང་། བན་དེ་རྒྱ་མཚོ།
འཛིན་གྲྭ མཐོ་གཉིས་འཛིན་གསུམ།
        གཉིད་ཁུགས་དཀའ་བའི་མཚན་མོ་དེར། བསམ་གཞིག་སྣ་ཚོགས་ཤིག་ལས་ཐར་ཐབས་མེད་པར།  ཀླད་ངོས་སུ་ཡང་བསྐྱར་མདང་དགུང་གི་རྨི་ལམ་ནང་གི་ཞི་ལའི་ལག་པ་ཡ་གཅིག་བཅད་པའི་རྣམ་པ་དང་། དེ་བས་ཀྱང་ཉིན་གུང་གི་དུས་སུ་ཞི་ལ་དེ་རྐང་ལག་གསུམ་གྱི་སྟེང་ནས་ལྡིང་གིན་འདུག་པའི་རྣམ་པ་གཉིས་ཀྱིས་གང་ལ།  མིག་བཙུམ་པའི་སྐད་ཅིག་མ་དེར། རང་ཉིད་ནར་སོན་གྱིན་སོན་གྱིན་རྨི་ལམ་རྨི་བ་ཇེ་མང་ནས་ཇེ་མང་དང་། རྨི་ལམ་དེ་ཚོ་ཕལ་ཆེ་བ་ཞིག་ཀྱང་འཚོ་བའི་ཟུར་གང་རུང་ཞིག་ནས་ལྷང་ལ་མངོན་གྱིན་ཡོད་པ་སེམས་ངོར་འཆར་བྱུང་བའི་མོད་ལ། རང་གིས་རང་ལ་ཨ་མྱེས་ཀྱི་རྨི་ལམ་ལ་བརྟག་རྒྱུ་ཡོད་པའི་སྐད་ཆར་ཡིད་ཆེས་དགོས་པའི་དྲན་གསོ་ཐེངས་གཅིག་བྱས་པ་ཡིན།
        ཞོགས་པའི་ཉི་ཟེར་ས་གཞིར་འཕྲོས་ནས་ཡུན་རིང་མ་འགོར་བར་སྡེ་བའི་གཞུང་ལམ་དེའི་སྟེང་ནས་འདྲེ་སྐད་སྨྲ་བའི་མི་ཚོགས་ཤིག་བདག་དང་བར་ཐག་ཉེ་བར་བཅར་གྱིན་པ་མཐོང་ནས་སེམས་སུ་འདི་ཚོ་མི་ཞིག་མིན་པར་འདོད། གང་ལྟར་ཡང་ངས་ད་ལྟའི་བར་དུ་འདི་ལྟ་བུའི་མི་ཞིག་མ་མཐོང་བར་འདོད་ནས་མཚར་སྣང་གིས་ཁེངས། ཡིན་ཡང་ལུས་ཀྱི་ཉམས་འགྱུར་དང་གྱོན་པའི་ཆ་ལུགས་ལ་བལྟས་ན་རང་ཡུལ་གྱི་མི་དག་དང་འདྲ། ཁོ་ཚོ་ང་དང་དཔུང་བ་གཤིབ་པའི་སྐབས་སུ་ངས་གཞི་ནས་ཁོ་ཚོའི་རྗེས་སུ་ཁྱི་ཕྲུག་འདྲ་བོ་ཞིག་རྐང་ལག་གསུམ་གྱི་སྟེང་ནས་ལྡིང་འོང་གིན་པ་མཐོང་བས། ཞི་ལ་ལག་གཅིག་ཅན་དེ་ཡིན་པར་འདོད་ནས་ཞིབ་ལྟ་ཐེངས་གཅིག་བྱས་པ་ན།  ཞི་ལ་ལག་གཅིག་ཅན་ནི་ཁྱི་རྒན་སྟོབས་ཅན་ཞིག་འདོགས་བྱེད་ཀྱི་ལྕགས་ཐག་ཅིག་གིས་སྐེར་ཨ་ལོང་སྦྲེལ་ཏེ་ཁྲིད་འགྲོ་ཞིང་། སྔར་བས་ཀྱང་ཧ་མི་གོ་བ་ནི་འདྲེ་སྐད་སྨྲ་ཤེས་བའི་མི་བུ་རེ་རེས་གྲགས་འགུལ་ཅི་ཡང་མེད་པའི་ཞི་ལ་གཉིས་གསུམ་རེ་ལ་རེས་མོས་ཀྱིས་འོ་རེ་བྱས་རྗེས་སེམས་ཆུང་གིས་སླར་ཡང་རུམ་ནང་དུ་བཞག་བྱུང་ལ། ཕལ་ཆེར་དེ་ཚོ་ནི་རང་གི་སྲོག་དང་ཁྱད་པར་མི་འདུག་པར་རློམ་གྱིན་སྣང་།
        ང་ཁོ་ཚོའི་རྗེས་སུ་ཅུང་ཙམ་ཧད་ནས་ཡུན་རིང་མ་ལོན་པར་སྡེ་མི་མང་པོ་ཞིག་ཀྱང་ཁོ་ཚོ་འགྲོ་སའི་གཞུང་ལམ་དེར་གཅིག་རྗེས་གཅིག་གིས་མ་ཆོད་པར་འགྲོ་བཞིན་འདུག རང་གིས་ཅུང་ཟད་ཤེས་མདོག་གིས་གདོང་ལ་འཛུམ་ཞིག་རྒྱས་ནས་རང་ལས་རྒན་པའི་སྡེ་མི་ཚོར་ཁམས་བདེ་རེ་ཞུ་བར་བསམ་ཡང་། ཁོ་ཚོ་ནི་རེ་རེ་བཞིན་འཇིག་རྟེན་གྱི་སྡུག་བསྔལ་ཅི་ཡོད་པ་ཐམས་ཅད་རང་མགོར་ལྷུང་ཟིན་པའི་ཚུལ་གྱིས་མགོ་བོ་བྲང་ཁར་བཞག་ནས་འཇིག་རྟེན་གྱི་འཚོ་བ་ལ་ཅུང་ཟད་སུན་མདོག་གིས་དམིགས་པ་གོམ་པའི་འགྲོས་དང་ལྷན་དུ་བུད་སོང་བས། རང་ཉིད་ཀྱང་རང་ལ་ངོ་གནོངས་བ་ཞིག་རེད།
        རྒྱུན་དུ་རང་ཚུགས་འཛིན་རྒྱུར་དགའ་བའི་རང་གི་སློབ་གྲོགས་དེ་ཡང་ཁོ་ཚོའི་རྗེས་སུ་ཨེ་ཆོད་ཀྱིས་དབུགས་ཧལ་ཧལ་གྱིས་བརྒྱུགས་ཡོང་གིན་འདུག་ལ། ངའི་འགྲམ་དུ་སླེབས་རྗེས་བདག་གི་ལག་པ་ནས་བཟུང་སྟེ“མྱུར་མོར་འགྲོ། སྡེ་དཔོན་གྱིས་བརྡ་བཏང་བ་ལྟར་ན། གོང་རིམ་འགོ་ཁྲིད་ཁ་ཤས་རང་སྡེ་བར་ཚོགས་དོན་གལ་ཆེན་ཞིག་བསྒྲགས་པར་སླེབས་ཡོད་པས། མྱུར་དུ་ཡོང་དགོས་པའི་བཀའ་གནང་འདུག རྗེས་མ་ལ་ཆད་པ་ནན་མོ་གཅོད་རྒྱུ་ཡིན་ཚུལ་ལབ་ཀྱིན་འདུག”ཅེས་དབུགས་ཐེངས་གཅིག་གིས་བཤད་རྗེས། ང་ལ་གོམ་པའང་ལེན་དབང་མེད་པར་ཤུགས་ཀྱིས་འཐེན་ནས་རྒྱུག་བྱུང་།
        སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ར་སྐོར་ནང་ཐོན་དུས། སྡེ་བའི་རྒན་དར་གཞོན་གསུམ་གཅིག་ཀྱང་མ་ལུས་པར་སྡེ་དཔོན་གྱི་བཀའ་བཞིན་ཐོན་འདུག་ལ། ངེད་གཉིས་ཀྱིས་ཀྱང་འདུག་ས་བདེ་མོ་ཞིག་བཙལ་ནས་བསྡད་པ་ཡིན། འདིའི་སྐབས་སུ་ད་གཟོད་རྗེས་མ་ལ་ཆད་པ་ནན་མོ་གཅོད་རྒྱུ་ཞེས་པ་དེའང་སྡེ་དཔོན་གྱི་ཟིལ་ཤུགས་མངོན་སྤྱད་ཅིག་དང་མི་རྣམས་ལ་སྙིང་རྩ་འདར་བར་བྱེད་པའི་ཚིག་ཅིག་ཡིན་པར་རྟོགས་པ་ཡིན།
        སྐབས་དེར་སྡེ་དཔོན་གྱིས་གོང་རིམ་མི་སྣས་ཇ་གསོལ་རེ་གནང་གིན་འདུག ཁྱོད་ཚོས་ཅུང་ཟད་སྒུག་དང་ཟེར།
        ཉི་མ་ནི་ཤར་ཕྱོགས་ཀྱི་རི་རྩེ་ནས་རིམ་བཞིན་རིམ་བཞིན་ཡར་ནས་ཡར་ལ་འཕག་འཚག་གིས་སྒྱིད་ལུག་གི་མདངས་ཤིག་ཕྱུང་ནས་ཉིན་གུང་གཟུར་ལ་ཉེ་བའི་སྐབས།ནངས་མོར་འཕྲད་པའི་འདྲེ་སྐད་སྨྲ་བའི་མི་སྣ་དེ་ཚོས་ཕྱི་ལུགས་ཀྱི་ལྭ་བ་གྲལ་དག་རེ་གྱོན་ནས་ཆེས་ཉམ་ཆུང་བའི་ཞི་ལ་རེ་པང་ལ་བཟུང་ནས་ཐོན་བྱུང་།
       སྡེ་དཔོན་གྱིས་ལག་བརྡ་ཞིག་བྱས་མ་ཐག མི་ཚོགས་ནི་དུས་གཅིག་ཏུ་ཡར་ལངས་བྱུང་བས།(སྦྱོང་བརྡར་བྱས་ནས་དམག་མི་འདྲ་བོ་ཞིག་ལ་བཟོས་འདུག་པས་རང་ལའང་ཅུང་ཟད་སྐྲག་སྣང་ཞིག་སྐྱེས)རང་ཉིད་ཀྱིས་ཀྱང་མི་ཚོགས་ཀྱི་འགུལ་སྟངས་དང་བསྟུན་ཅི་ཐུབ་བྱས། ཞི་ལ་བཟུང་བའི་མི་སྣ་རེ་རེ་སྔོན་ནས་བཀོད་སྒྲིག་བྱས་པའི་འདུག་སྟེགས་སྟེང་བསྡད་རྗེས། རང་དང་བཅས་པའི་སྡེ་མི་གང་བོས་སྡེ་དཔོན་གྱི་ལག་བརྡའི་རོལ་མོ་དང་ལྷན་གཅིག་ཙོག་པར་བསྡད།
       སྡེ་དཔོན་གྱིས་ཁ་མུར་མུར་ངང་ཅི་ཞིག་བཤད་ཀྱིན་ཡོད་མོད། ཁོས་ནམ་ཡང་ཚར་རྒྱུ་མེད་པའི་སྐད་ཆ་དེ་ཚོར་ང་ཅུང་ཟད་སུན་སྣང་སྐྱེས་ནས་སྡོད་སྐབས། འཇིགས་སྐུལ་གང་རུང་ཞིག་གིས་རང་ལ་ཡང་དང་བསྐྱར་དུ་གཙག་གིན་པའི་སྣང་བ་སྐྱེས་པས་རྣ་བ་གླགས་ནས་ཁོའི་གསུང་ལ་ཉན་སྐབས། ཁོའི་བཀའ་གསུང་དེའང་ང་ལ་འཇིགས་སྐུལ་བའི་མཚོན་ཆ་ཞིག་ལྟར་ངའི་སྐྱོན་ལ་བརྟག་ནས་རྟོགས་ཟིན་པ་ལྟར་རེ་ཞིག་རྫོགས་པར་བྱས་པས།ལྷག་པར་འཇིགས་པ་སྣ་ཚོགས་ཤིག་གིས་མནར་ལ། རྗེས་ཕྱོགས་དེ་འདྲ་མི་བྱེད་པའི་ཁས་ལེན་ཞིག་ཀྱང་སེམས་ཁོང་དུ་གཞན་གྱིས་ཐོས་པར་དོགས་ནས་གསང་སྟབས་ཀྱིས་བཞག་པ་ཡིན།
       ཁོ་ཚོའི་གྲལ་གྱི་གཡོན་ཕྱོགས་ཀྱི་གསར་བུ་དེས་ཚོགས་འདུ་མགོ་རྩོམ། ཐོག་མར་ཉེས་ཅན་ཁྲིད་ཤོག་ཟེར།
       ཞི་ལ་ལག་གཅིག་ཅན་དེ་སྔོན་ནས་མཐོང་བ་བཞིན་དུ་ལྕགས་ཐག་དེས་ཁྲིད་ནས་ཐོན་བྱུང་ལ། མི་སྣ་དེ་ཚོའི་གྲས་ཀྱི་གྲལ་དཀྱིལ་གྱི་གོ་གནས་མཐོ་མཁན་དེས་ཁ་གྲགས་བྱུང་།
       ཁྱོད་ཚོས་ད་དུང་རྟོགས་མེད་ཀྱང་སྲིད། ཁ་སང་ནས་བཟུང་ཞི་ལ་གང་ཞིག་ཡིན་ནའང་ཙི་གུ་བཟུང་མི་ཆོག་པའི་བཀའ་བཏང་ཡོད། རྒྱུ་མཚན་ནི་ཞི་ལ་རི་སྐྱེས་སྲོག་ཆགས་མ་རེད། གལ་ཏེ་ཡིན་པའི་དབང་དུ་བཏང་ནའང་། ད་སྐབས་དེ་ཚོའང་གཏན་འཁེལ་གྱི་ས་གནས་ཤིག་ཏུ་གཏན་འཁེལ་གྱི་ཁ་ཟས་ཤིག་ཟོས་ནས་ཡོད་པ་རེད། ང་ཚོས་དོན་དེ་བསྒྲགས་ནས་ཁྲིགས་སེར་བཏང་ཡོད། འོན་ཀྱང་ཞི་ལ་འདི་ལྟ་བུས་རྒྱུ་རྐྱེན་གང་ཡང་མེད་པར་རང་ཉིད་ཀྱི་སྐྱིད་སྡུག་ཁོ་ནའམ་གང་འདོད་ཀྱིས་ཙི་གུ་བསད་ནས་ང་ཚོའི་སྒྲིག་ཁྲིམས་དང་འགལ་ཡོད། འདི་ལྟ་བུ་ཁ་ཤས་ཀྱིས་ཙི་གུ་བསད་རྗེས། རུས་པ་ཞིག་ཀྱང་ལྷག་པར་མི་བྱེད། ཐ་ན་རང་གི་རྟུག་པའང་བཀབ་ནས་མཐོང་བར་མི་བྱེད། འདི་ལྟ་བུས་བསམ་གཟས་ནས་གོང་རིམ་ཀྱི་བཀའ་དང་རྒྱབ་འགལ་བྱས་པ་རེད། ད་ལྟ་ནས་ཆད་པ་མ་བཅད་ན་རྗེས་ཕྱོགས་མུ་མཐུད་དུ་ཙི་གུ་གསོད་པ་དང་རང་གི་སྤུན་ཟླའང་ཟ་སྲིད། དེ་ནི་དོན་ཆུང་ཆུང་རེད། ཆེ་བ་ནི། ཁོའི་སྤྱོད་ངན་འདི་གཅིག་ནས་བཅུ། བཅུ་ནས་བརྒྱ་ལ་འགོས་ནས་རྒྱལ་ཁབ་ཀྱང་མགོ་རྟིང་བསློགས་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་པས། ངན་གསོད་བྱོས་ཟེར། དེར་མཐུད་ནས་གསར་བུ་སྟག་འདྲ་བ་གཉིས་ཀྱིས་ཕུ་ཐུང་གི་འདབས་ག་ཡར་འདེད་བཞིན་ཐོག་མར་ལུས་ཀྱི་སྤུ་ཉག་རེ་རེ་བཞིན་བལ། ལག་པ་དང་རྐང་པའི་སྡེར་མོ་བཅད། རྣ་ཅོག་དང་རྔ་མའང་བཅད། གང་ལྟར་གཅོད་ཐུབ་པ་ཐམས་ཅད་བཅད་ཚར་རྗེས། ཐག་པ་ཞིག་གིས་རྐང་པ་ཡ་གཅིག་བཀྱིག་ནས་སྡོང་བོའི་ཡལ་ག་ཞིག་ལ་བཏེགས་ནས་མར་དཔྱངས་པ་ན། མིག་གིས་ལྟ་མི་བཟོད་པ་ཕར་ཞོག ཐ་ན་ཁ་གྲགས་ཕོད་མཁན་ཞིག་ཀྱང་མ་བྱུང་། རང་གི་ལུས་སྟེང་གི་ཤ་ལེབ་རེ་རེ་བཞིན་གཞོགས་ཀྱིན་པའི་ཚོར་བ་སྟེར། འོན་ཀྱང་ཞི་ལ་སྟག་རྒོད་འདྲ་བོ་དེས་ན་ཟུག་གི་འཁུན་སྒྲ་ཙམ་ཕར་ཞོག སྣ་གཉེར་ཙམ་ཡང་མི་བྱེད་ལ། གནག་ཅིང་བྱམས་བརྩེས་ཕྱུག་པའི་མིག་འབྲས་ལས་ང་ཚོ་ལ་བདེན་དོན་གྱི་ང་རྒྱལ་དང་འཚོ་གནས་ཀྱི་འཐབ་རྩོད་ཅིག་གནངས་བྱུང་ལ། གཅེས་པའི་སྲོག་ལ་བབས་ཀྱང་དཔའ་མི་འཁུམ་པའི་སྙིང་སྟོབས་ཤིག་བག་མེད་དུ་སྦྱིན་བྱུང་།
       ཡང་བསྐྱར་ཁོས་ཁ་གྲགས་བྱུང་། ཁྱོད་ཚོས་ཀྱང་མཐོང་ཟིན། ཐོས་ཟིན། རྗེས་ཕྱོགས་གོང་རིམ་གྱི་བཀའ་དང་འགལ་མཁན་སུ་དང་སུ་ཡིན་རུང་འདི་དང་གཅིག་འདྲ་ཡིན་ཟེར།
       རེ་ཞིག་བདག་ནི་སྲོག་ཤོར་གྱི་བེམ་པོའམ་རྡོ་རྗེ་བྲག་ཏུ་བརྐོས་པའི་འདྲ་རིས་བཞིན་བསྡད་བྱུང་ལ། ཡ་ཐོད་ཀྱི་མིག་དབང་གཉིས་པོའང་འཇིག་རྟེན་ལ་བལྟ་བྱེད་ཅིག་ལས་ཉམ་ཆུང་བའི་རྩ་རྐང་ཉག་རེ་ལ་ཚེ་སྲོག་གི་དངོས་གྲུབ་གནང་བའི་ཆུ་མགོ་གསར་བ་ཞིག་ཏུ་གྲུབ།
       ཨ་མས་འགྲམ་ལྕག་ཅིག་གིས་འཇིགས་རུང་གི་གནས་དེ་ནས་ཕྱིར་དྲངས་ཤིང་། དངོས་ཡོད་ཀྱི་འཇིག་རྟེན་འདིར་བསམ་བློ་ཞིག་བཏང་རྗེས་རྨི་ལམ་དེའང་རྨི་ལམ་རྐྱང་རྐྱང་ཞིག་མིན་པ་ལྟ་བུའི་ཚོར་བ་ཞིག་དང་ལྷན་ཅིག་རང་ཉིད་སྦ་བྱེད་ཀྱི་ཤུབས་དེ་ལས་ཐར་བར་བྱས་པ་ཡིན།
མཛུབ་སྟོན་དགེ་རྒན། གུ་རུ་དོན་གྲུབ།