སེམས་ཀྱི་ཉི་མ། ཀུན་པེ།

རྩོམ་པ་པོ།: 2013-10-13
རུས་མིང་། ཀུན་པེ།
འཛིན་གྲྭ མཐོ་གཉིས་འཛིན་གསུམ།
        ངུ་སྐད་དང་བཅས་ཨ་མའི་མངལ་གྱི་ཁང་བཟང་ལས་ཐོན་པ་ནས་བཟུང་། དྲིན་ཕ་མའི་ནུ་ཞོ་བཏུང་ཞིང་། ས་དོག་མོའི་དྲོད་ཁོལ་མྱངས་། དེར་མ་ཟད་ཉི་ཟེར་གྱི་མཚར་སྡུག་རེ་རེས་རྨོངས་བ་ཡི་མུན་པ་སེལ་ནས་མ་འོངས་མདུན་ལམ་ཇེ་ཆེར་ཕྱེས་ལ། སེམས་དང་སེམས་པའི་བར་ནམ་ཡང་ཉི་ཟེར་གྱི་མདངས་ལྷུག་གེར་མངོན་བྱུང་།
        ཕྱིའི་འཚོ་བ་རིན་ཆེན་ནོར་བུས་བརྒྱན་ཞིང་། ནང་གི་འཚོ་བ་ཟས་གོས་ལོངས་སྤྱོད་འཛོམས་ཀྱང་། དོན་དངོས་སུ། དེ་ནི་ཁྱོད་ལ་མཁོ་བའི་བདུད་རྩིའི་སྨན་མཆོག་ཡིན་ནམ། གཞན་གྱི་ཁ་ཡག་ངོ་དགའ་དང་ཁྱོད་བཟང་ཁྱོད་མཛེས་ཟེར་བ་ཁྱོད་ལ་མཁོ་བའི་སེམས་གཏམ་དྲོན་མོ་ཡིན་ནམ། འཕྲོག་བཅོམ་བརྐུ་འཁྱེར་བྱས་ན་ཁྱོད་ཀྱིས་རང་ཉིད་ཀྱི་ནང་སེམས་དྲན་ཚོར་ལ་གས་ཆག་ཤོར་རུ་བཅུག་ཡོད་དམ། དུ་འཐེན་ཆང་འཐུང་བྱས་ན་ཁྱེད་ཀྱིས་ཕ་མ་དང་དགེ་རྒན་གྱི་བསླབ་བྱ་རྒྱ་ཡན་དུ་བཏང་བ་མིན་ནམ། ཀ་ཡེ། སློབ་གྲོགས་ཚོ། ཁྱོད་ཚོས་མགོ་བོ་ཡར་ལ་དགྱེ་ནས་ལྟོས་དང་། ཇི་འདྲའི་ཆེ་ལ་ཇི་འདྲའི་མཛེས། ང་ཚོས་འོད་སྟོང་འབར་བའི་མ་འོངས་མདུན་ལྗོངས་ལ་ནག་ནོག་གི་དྲི་མ་མ་གོས་པར་ཡངས་ཤིང་རྒྱ་ཆེ་བ་ཞིག་རེད།
        ཁྱོད་ཚོས་ཡངས་བའི་ས་གཞི་ལ་རྒྱང་ལྟ་ཞིག་བྱོས་དང་། གངས་ཅན་ལྗོངས་ལ་དམུ་རྒོད་དང་ གྲང་རེག་མེད་ལ། སྨག་རུམ་གྱིས་བཏུམ་པའི་འཁྱིལ་ཞིང་དང་ལང་ལོང་འཁྲིགས་པའི་སྤྲིན་ནག་གཏན་ནས་ ཡོད་མི་སྲིད། ཁྱེད་ཚོའི་སེམས་ཀྱི་ཉི་མས་སྤྲིན་ནག་གིས་བསྒྲིབས་པའི་མུན་པ་འཇོམས་པར་བྱས་ཏེ་ འོད་གསལ་གྱི་ལམ་ཆེན་གསལ་བོར་སྟོན་རོགས། ཁྱེད་ཚོས་མི་ཚེའི་འགྲོ་ལུགས་རྟོགས་ཏེ་དྲང་ཕྱོགས་ཀྱི་ལམ་ཁ་ཡར་ལ་བསྒྱུར་ཐུབ་ན་ཅི་མ་རུང་། ཨ་ཁ་ཁ། མི་དང་མིའི་བར་ལ་འདི་འདྲའི་ཁྱད་པར་ཞིག་ཡོད་དོན་ཅི། འཇིག་རྟེན་འདི་ངོ་མས་འདྲ་མཉམ་མ་རེད། ངོ་མ། འཇིག་རྟེན་ཐོག་གི་བྱ་དངོས་རྒྱུས་ལོན་བྱེད་ཚུལ་དང་བསམ་བློའི་བཀག་རྒྱ་བར་གྱི་ འབྲེལ་བ་ཡིན་ནམ། གནད་དོན་འདི་སུས་ཀྱང་ཐག་གཅོད་མི་ཐུབ་པ་ཞིག་རེད། ཅི་ཞིག་ལ་ང་རང་འཇིག་རྟེན་འདིའི་ཐོག་སྐྱེས་བྱུང་བ་ཡིན་ནམ། འོ། འདི་ནི་གནམ་རྒན་མས་ང་ལ་སྦྱིན་པའི་ཚེ་སྲོག་རེད། གལ་ཏེ་ང་རང་འཇིག་རྟེན་ཐོག་སྐྱེས་བྱུང་ན། ཅི་ཞིག་ལ་ང་དང་ངའི་གྲོགས་པོའི་བར་ལ་ཁྱད་པར་འདི་འདྲ་ཞིག་ཡོད་པ་ཡིན་ནམ། དེ་ནི་ལས་དབང་གི་བཀོད་སྒྲིག་གམ་ཡང་ན་སེམས་ཀྱི་ཉི་མའི་གཟི་བྱིན་ཡིན་པར་སྙམ།
        མཛེས་བའི་རིན་ཆེན་རྒྱན་ཆའི་སྟེང་ལ་སྲོག་གི་དབང་བོ་ཞུགས་ཏེ་འཕྲུལ་ནུས་ཅན་ གྱི་རིན་པོ་ཆེ་ལྟ་བུ་ཞིག་ཏུ་གྱུར་ཚེ། འཇིག་རྟེན་འདི་ཇི་ལྟ་བུ་ཞིག་ཏུ་འགྱུར། དེ་ནི་བློ་ངོར་མི་ཤོང་བའི་གནད་དོན་ཞིག་རེད། གལ་ཏེ་འཕྲུལ་ནུས་དེས་རྨོངས་འཐོམས་ཀྱི་སློབ་བུ་འདི་དག་སད་དུ་འཇུག་ཐུབ་ན། དེ་ནི་དོན་བཟང་ཞིག་ཡིན་པར་སྙམ། རྒྱུ་མཚན་ཅི་ཡིན་ཞེ་ན། འདི་ལྟར་མུ་མཐུད་དུ་རྒྱུན་བསྐྱངས་ན། མི་རིགས་འདི་ཉམས་རྒུད་དུ་འགྲོ་རྒྱུ་ཡིན་པ་མ་ཟད། ཐ་ན་མི་རིགས་འདིས་རུས་དང་རྒྱུད་པ་ཆད་རྒྱུ་རེད། དེ་དུས་ན་བོད་ཅེས་པའི་མིང་དང་བོད་རིགས། སྐད་དང་ཡི་གེ་མི་རིགས་ཀྱི་བླ་སྲོག་ལ་སོགས་པ་ས་རྡུལ་དང་བྱེ་མའི་ནང་དུ་འཐིམ་རྒྱུ་རེད་སྙམ། དེའི་ཕྱིར་མཐུན་པའི་ཨ་ལོང་གི་འབྲེལ་ཐག་ཟུངས་དང་། རྡོག་རྩ་གཅིག་སྒྲིལ་བྱོས་དང་། གངས་ཅན་བོད་ཀྱི་འཕེལ་འགྲིབ་རྩ་བ་ང་ཚོར་རགས་ལས།
        སློབ་གྲོགས་ཚོ། ཆུང་དུས་ནས་བླ་མེད་ཀྱི་བྱ་བཞག་ཅིག་གིས་ལུས་སེམས་གཉིས་ཀ་གཞི་གཅིག་ཏུ་སྦྲེལ་ ཞིང་འཁོར། ལྷད་མེད་དྭངས་གཙང་གི་བྱིས་བློའི་འཇིག་རྟེན་དེ་མཛེས་སྡུག་གི་ཞིང་ཁམས་སུ་བཟོ་སྐྲུན་བྱ་ཆེད་ལོ་རིམ་བརྩེགས། ཟོལ་མེད་ཀྱི་བརྩེ་དུངས་མངར་མོ་དང་སྙིང་སྡུག་གི་ལང་ཚོ་མཛེས་པོ་དེའང་དགའ་ སྡུག་གི་མཆི་མ་དང་ལྷན་དུ་མི་མངོན་པའི་སྟོང་བའི་དབྱིངས་སུ་བཞུར། ལོ་ཟླ་མཐུག་པོ་དེ་དང་སེམས་པ་གྲུང་བ་དེ་བྲང་ཁོག་ན་དུས་དང་རྣམ་པ་ཀུན་ཏུ་ལྗིད་ ཏིག་གེར་ལོ་རྒྱུས་ཀྱི་བདེ་མེད་འཁོར་སྐྱོད་རིང་མོའི་བཤུལ་ལམ་གྱ་གྱུའི་ཁྲོད་ ནས་གངས་ལྗོངས་གསར་སྐྲུན་གྱི་བླ་སྲོག་ཏུ་འཐིམ་པའི་དམར་པོའི་ཟུངས་ཁྲག་དྲོན་ མོ་ནི་ཁྱེད་དང་ང་། སློབ་གྲོགས་ཚོ།
མཛུབ་སྟོན་དགེ་རྒན། གུ་རུ་དོན་གྲུབ།