ལྕི་འདམ་ཁྲོད་རྒས་བཞིན་པའི་བུ་མོའི་ལང་ཚོ། མཁའ་འགྲོ་མཚོ།

རྩོམ་པ་པོ།: 2013-10-13
རུས་མིང་། མཁའ་འགྲོ་མཚོ།
འཛིན་གྲྭ མཐོ་གཉིས་འཛིན་གཅིག
        ང་རང་ཆུང་དུས་ནས་སྦྲང་ཆུང་གཞོན་ནུ་ཞིག་ལ་བརྫིས་ནས་མེ་ཏོག་གི་ཟེའུ་འབྲུ་བཞིབས་པར་བརྩམས་པས། ད་བར་དུ་ལྕི་འདམ་ཁྲོད་ནས་རྒས་བཞིན་པའི་བུ་མོ་གང་མང་ཞིག་གི་ལང་ཚོ་ལ་ཞིབ་རྟོག་བྱས་མ་མྱོང་། ཐེངས་འདིར་ངའི་དྲན་འཛིན་གྱི་བུ་གར་ལྕི་འདམ་ཁྲོད་ནས་རྒས་བཞིན་བུ་མོ་དེ་དག་གི་ལས་དབང་དྲན་བྱུང་ལ།  དེ་དང་ཆབས་ཅིག་དྲིན་ཆེན་ཨ་མས་ནམ་རྒྱུན་སྒྲུབ་བཞིན་པའི་ལས་དེ་དྲན་ཞོར་ལྕི་འདམ་ཁྲོད་རྒས་བཞིན་པའི་བུ་མོ་དེ་དག་གི་སྡུག་ཡུས་གྱི་སྙིང་སྟོབས་ལ་ཡ་མཚན་སྐྱེས་སོང་།
        ལྕི་འདམ་ཁྲོད་ནས་རྒས་བཞིན་པའི་བུ་མོ་གང་མང་ཞིག་གིས་ནམ་རྒྱུན་ཁ་ཆར་བུ་ཡུག་འཚུབ་པའི་སྐབས་སུ་ཡང་ལྷས་ཀྱི་ལྕི་འདམ་ཁྲོད་འབྲི་མོའི་འོ་མ་བཞིན་འདུག་ལ། ད་དུང་ལྕི་བའང་འཕེན་བཞིན་འདུག སྐབས་འགར་བསིལ་བསེར་གྱི་རླུང་བུའི་ནང་ན་འོང་བ་ལེན་བཞིན་འདུག གང་ལྟར། ཁོ་མོ་ཚོ་དུས་རྒྱུན་ལྕི་འདམ་ཁྲོད་ཀྱི་ལས་ཀ་དེར་སྤྲོ་བས་འཇུས་ཏེ། དུས་རྒྱུན་གདོང་ལ་འཛུམ་གྱིས་ཁེངས་འདུག
        ཐེངས་འདིའི་དགུན་གནང་གི་དུས་འདིར་ཡང་། ང་ཚོའི་འབྲོག་སྡེ་འདིའི་བུད་མེད་གང་མང་ཞིག་གིས་ནངས་སྔ་མོའི་སྐྱ་རེངས་དང་ལྷན་དུ་ཡར་ལངས་ནས་ལྷས་སུ་ལྕི་བ་འཕེན་དུ་སོང་ནས། ཕྱི་དྲོ་ཉི་མ་རི་རྩེ་ནས་བཞུད་པའི་བར་དུ་འོང་བ་ལེན་པ་དང་རྩྭ་ལུད་སྡུད་པ་བཅས་བྱས་ནས་ཉི་མ་གཏོང་བཞིན་ཡོད། ངའི་ཨ་མ་ཡང་ལྕི་འདམ་ཁྲོད་ནས་རྒས་བཞིན་པའི་བུ་མོ་ཞིག་ཡིན་པས། ང་ཡར་ལངས་དུས་སུ་ཨ་མ་སྔ་མོ་ནས་ལངས་ཟིན་ལ། མོས་ལྕི་བ་འཕངས་ཚར་ནས་སྒོ་ཁའི་རྩྭ་རྡུལ་ཕྱགས་བཞིན་འདུག ཉིན་ཞིག་ལ། ངས་ཨ་མར་སྒོ་ཁའི་རྩྭ་རྡུལ་སྤུངས་ནས་ཅི་བྱེད་ཅེས་དྲིས་པར། མོས་སྒོ་ཁ་གཙང་མ་ཡིན་ན་བཟང་ཟེར། དུས་དེ་ནས་བཟུང་ངའི་སེམས་སུ་ལྕི་འདམ་ཁྲོད་ ཀྱི་བུ་མོ་དེ་དག་ཇི་འདྲའི་སྡུག་ཡུས་ལྡན་པ་ཞིག་རེད་སྙམ། ང་ཚོར་སློབ་ཁང་གྲུ་བཞིའི་ནང་དུ་དཔེ་ཆ་བལྟ་བའི་འགན་ལས་མེད་མོད། དེ་ཡང་འགྲུབ་གྱིན་མེད་པས། ད་ནི་ང་ཚོ་སུ་དང་སུ་ཞིག་ཡིན་ཡང་རང་གིས་རང་ལ་མཛུབ་གུ་གཟུག་འོས། སྡུག་ཡུས་ཆེ་བའི་བུ་མོ་གང་མང་ཞིག་གི་ས་རྡུལ་འཐིབས་པའི་སེར་རླུང་དང་ཁ་བ་བུ་ཡུག་འཚུབ་པའི་དགུན་ཁ།  སྦྲང་ཆར་བསིལ་མ་འབབ་པའི་དབྱར་ཁ་བཅས་སུ་ནོར་ལུག་གི་ལྕི་འདམ་ཁྲོད་ན་ལང་ཚོ་རྫོགས་བཞིན་ཡོད།
མཛུབ་སྟོན་དགེ་རྒན། གུ་རུ་དོན་གྲུབ།