དཔེ་ཁུག་ཅིག་གི་རང་གཏམ། ཕྱུག་མོ་མཚོ།

རྩོམ་པ་པོ།: 2013-10-13
རུས་མིང་། ཕྱུག་མོ་མཚོ།
འཛིན་གྲྭ དམའ་གཉིས་འཛིན་བཞི།
      ང་ནི་ཆེས་སྤྱིར་བཏང་གི་དཔེ་ཁུག་ཆུང་ཆུང་ཞིག་ཡིན།
      ངའི་ཚུགས་ཀ་བབ་ཆགས་ཤིང་། ཐ་ན་མདོག་ཀྱང་ཡག་རྒྱུ་མེད་པས་ཚོང་བདག་གིས་ཀྱང་ང་ལ་མཐོང་ཆུང་གིས་སུས་ཀྱང་མཉམ་མི་འཇོག་པའི་ཁང་བའི་གྲུ་ཟུར་ཞིག་ཏུ་མནན་བྱུང་། ངས་རྒྱུན་དུ་དཔེ་ཁུག་ཉོ་བའི་མི་དེ་དག་ལ་བལྟས་ནས་སེམས་སུ“གལ་ཏེ་མི་ཞིག་གིས་ང་བློར་བབས་ནས་ཉོས་ན་ཇི་འདྲའི་སྐྱིད་པ་ལ”ཞེས་བསམ་བྱུང་།
      ཉི་འོད་དྲོ་ཞིང་འཇམ་པའི་ཉིན་ཞིག་ལ། ཚུགས་ཀ་སློབ་འབྲིང་སློབ་མ་ཞིག་དང་འདྲ་བའི་ཞིང་གྲོང་གི་བྱིས་པ་ཞིག་ཚོང་ཁང་འདིར་སླེབས་བྱུང་། ཁོས་ལག་ཏུ་སྒོར་བཅུ་ཅན་ཞིག་དམ་པོར་བཙིར་ནས་མིག་ཟུང་ངའི་ཐོག་ཏུ་གཏད་བྱུང་། ཁོས་ང་ལག་ཏུ་བླངས་ཏེ་ཡང་ནས་ཡང་དུ་བལྟས་ཤིང་། འདང་ཞིབ་མོ་ཞིག་བརྒྱབ་རྗེས། ད་གཟོད་གདོང་ལ་འཛུམ་གྱིས་ཁེངས་ཏེ་ང་ཉོ་རྒྱུ་ཐག་བཅད་སོང་། སྐབས་དེར། ང་ནི་དགའ་ནས་ཅི་བྱེད་འདི་བྱེད་མེད་པ་ཞིག་ཏུ་གྱུར།
      ཉིན་དེ་ནས་བཟུང་། ཁོ་ནི་ངའི་བདག་པོ་ཆུང་ཆུང་དུ་གྱུར་ཏེ་ང་ལ་ལྷག་པར་གཅེས་སྤྲས་བྱེད་ལ། ཆར་ཆུ་འབབ་དུས་ཁོས་ང་རློན་པར་མི་བྱེད་པའི་ཆེད་དུ་ང་ལྭ་བའི་འོག་ཏུ་བཅུག་སྟེ་འཁུར་ཞིང་། བྱིས་པ་ཚོ་དང་མཉམ་དུ་རྩེད་མོ་རྩེ་དུས་ང་རང་ནོག་འགྲོ་བར་དོགས་ནས་ཕུད་དེ་ས་གཙང་ས་ཞིག་ཏུ་འཇོག་པ་ཡིན། ངས་ཀྱང་བློ་གཅིག་སེམས་གཅིག་གིས་རང་གི་ནུས་ཤུགས་ཡོད་ཚད་བཏོན་ཏེ་རང་གི་བདག་པོར་ཞབས་ཞུ་སྒྲུབ་གང་ཐུབ་བྱས།
      དེ་ལྟར་ལོ་གསུམ་འགོར་བྱུང་། ང་ནི་རལ་ནས་ཧྲལ་ཧྲལ་དུ་གྱུར་འདུག  ངའི་བསམ་པར་ད་ནི་རང་གི་ཚེ་སྲོག་མཇུག་རྫོགས་སོང་བས་བདག་པོས་གང་ཞིག་ལ་གཡུགས་པར་སེམས་ཁྲལ་བྱེད་བཞིན་པའི་སྐབས་དེར། བློ་ཡུལ་ལས་འདས་པ་ཞིག་ལ། བདག་པོས་ང་རང་གཡུགས་པར་བློས་མ་ཐོངས་པར་དཀར་སེར་དམར་སྔོའི་རས་ཁྲ་ཞིག་ཁྱེར་ཡོང་ནས་རལ་འདུག་པའི་གནས་ལ་ལྷན་པ་གང་མཛེས་ཤིག་བསླན་བྱུང་བས། ང་ནི་སྔར་ལས་ཀྱང་བལྟས་ན་མིག་ལ་མཛེས་པའི་དཔེ་ཁུག་ཡག་པོ་ཞིག་ཏུ་གྱུར་སོང་། ཨ། ཇི་འདྲའི་དགའ་བ་ལའང་། ཚེ་སྲོག་འདིའི་རྒྱུན་མ་ཆད་བར་དུ་བདག་པོར་ཞབས་ཞུ་སྒྲུབ་སྲིད་ལ། སུས་ཀྱང་ཚེ་སྲོག་ལ་གཅེས་སྤྲས་བྱེད་ཤེས་ན་ང་ལྟ་བུའི་དཔེ་ཁུག་ཆུང་ཆུང་ཞིག་ལའང་རང་གི་རིན་ཐང་ཡོད་སྲིད་པས། ངས་ཀྱང་རང་གི་མི་ཚེ་སྟོང་ཟད་དུ་མི་གཏོང་བར་མི་ཡུལ་འདིར་ཤེས་རིག་གི་མྱུ་གུ་སྐྱོང་བའི་ཡོ་བྱད་བཟང་བོ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱ་རྒྱུ་ཡིན་ནོ།།
མཛུབ་སྟོན་དགེ་རྒན། ཨོ་རྒྱན་ཚེ་རིང་།