ཞོར་ཟས་ཀྱི་ཉེས་དམིགས་འགའ། ལྷ་མཚོ།

རྩོམ་པ་པོ།: 2013-10-13
རུས་མིང་། ལྷ་མཚོ།
འཛིན་གྲྭ མཐོ་གསུམ་འཛིན་གསུམ།
     སྤྱིར་ལུས་ཕུང་ནི་གསེར་བརྗེ་ཡི་མ་རྩ་ཡིན་ཞེས་པ་བདེན་མོད། ཡིན་ཡང་མིའི་རིགས་ཀྱི་གོམས་ལོབས་འགའ་ཤས་ཤིག་དང་། ཡང་ན་ཚད་ལྡན་མིན་པའི་ཟས་འགའ་ཤས་ཤིག་གིས་ནམ་ཡང་ཤེས་མེད་ཚོར་མེད་ངང་མི་ལུས་ཀྱི་བདེ་ཐང་ལ་གནོད་འཚེ་བཏང་དང་གཏོང་བཞིན་ཡོད་དེ། དེ་ཡང་ཤེས་རབ་ཀྱི་གླིང་ག་སྟེ་སློབ་གྲྭའི་ནང་ལ་མཚོན་ནའང་།( སྤྱིར་ཞོར་ཟས་ཟ་མཁན་མང་ཆེ་ཤས་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཡིན་པ) སློབ་མ་མང་ཤོས་ཀྱི་བདེ་ཐང་ལ་གནོད་འཚེ་གཏོང་མཁན་གྱི་ གཏེ་བོ་ནི་ཞོར་ཟས་རེད་ཅེས་བཤད་ན་མི་ཆོག་རྒྱུ་མེད།
     ཞོར་ཟས་ཞེས་པ་ནི་རྒྱུན་ལྡན་དུ་བཟའ་ཆས་གཙོ་བོ་དག་ཕུད་པའི་ཟས་རིགས་ཆུང་ངུ་མཐའ་དག་ལ་གོ་བ་ཡིན་ཏེ། ཞོར་ཟས་ཀྱི་ནང་དུ་ཟས་རིགས་མང་པོ་ཞིག་འདུས་ཡོད་པས། མཐའ་གཅིག་ཏུ་བཟང་ཞེས་བཤད་མི་རུང་ལ། མི་བཟང་ཞེས་ཀྱང་ཐག་གཅོད་དཀའ། ཡིན་ཡང་སློབ་གྲོགས་མང་ཤོས་ཀྱིས་བཟའ་བཞིན་པ་དེ་ནི་ཕལ་ཆེར་མི་གཙང་བའི་ཞོར་ཟས་འགའ་ཡིན་ཏེ། དཔེར་ན་སྒོར་ལྔའི་མན་ཆད་ཀྱི་ཁ་ཟས་རིགས་དང་ཀ་ར་རིགས། སྣུམ་བཙོས་རིགས། བསྙལ་ཡོད་པའི་རིགས་ཅུང་མང་བ་རེད། དེས་ན་སློབ་གྲོགས་ཚོ་ཞོར་ཟས་དེ་རིགས་ལ་དགའ་བ་དང་ཉོ་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་མདོར་བསྡུས་ཤིག་བྱས་ན།
     དང་པོ།  དྲི་ཞིམ་པ། གཉིས་པ། ཟས་ཚབ་བྱེད་ཐུབ་པ། གསུམ་པ། སྟབས་བདེ་ཡིན་པ། བཞི་བ། རིན་གོང་དམའ་བ་བཅས་ཡིན། ཡིན་ཡང་ཕྱི་ནས་བལྟས་ན་མིག་ལ་མཛེས་པ་དང།  ཟོས་ན་ཁ་ལ་ཞིམ་པའི་ཞོར་ཟས་དེ་རིགས་ལ་དོན་དངོས་སུ་འཚོ་བཅུད་དང་བཟང་ཆ་སྤུ་ཙམ་ཡང་མེད་པར་མ་ཟད། དེ་ལས་ལྡོག་སྟེ་དུག་རྫས་ཀྱིས་ཁེངས་འདུག་གོ  སྤྱིར་ཞོར་ཟས་མཐའ་དག་དྲི་ཞིམ་པའི་རྒྱུ་མཚན་ནི་བྲོ་རྫས་སྣ་ཚོགས་བསྲེས་བའི་རྐྱེན་ཡིན་ཏེ། དཔེར་ན་ཁ་ཚའི་རིགས་ལ་མཚོན་ན། རྒྱུན་པར་སྣུམ་མང་བོ་ཞིག་མཐོང་ཐུབ་མོད། འོན་ཀྱང་དེ་ནི་ཆེས་མི་གཙང་བའི་དངོས་བོ་ཞིག་ཡིན། སྣུམ་དེ་རིགས་ལ་ལུད་སྣུམ་ཟེར་བ་དང་། ཁྱིམ་ཚང་དང་ཟ་ཁང་ལ་སོགས་པའི་ཟ་འཕྲོ་འཐུང་འཕྲོ། སྙིགས་རོ་སོགས་ལས་བཙག་རྗེས་ལས་སྣོན་ཅུང་ཟད་བྱས་པ་དེ་ཡིན། སྣུམ་དེ་རིགས་འཕྲོད་བསྟེན་གྱི་ཚད་ཐིག་ཏུ་ཐོན་མེད་པ་མ་ཟད། འབུ་ཕྲའང་མང་བོ་ཞིག་འདུས་ཡོད། དཔེར་ན། འཁྱག་རློམ་སེར་པོའི་དུག་རྒྱུ་ལྟ་བུ། ནད་དུག་དེས་མིའི་ལུས་སྟེང་གི་ཕྲ་ཕུང་དཀར་པོ་དང་ཕོ་བའི་འབྱར་སྐྱི་སོགས་ལ་གནོད་དེ་སྐྲན་ནད་རིགས་སློང་ཐུབ་ངེས་ཡིན། དཔེར་ན། ཕོ་བའི་སྐྲན་ནད་དང་། མཆིན་པའི་སྐྲན་ནད། མཁལ་མའི་སྐྲན་ནད། རྒྱུ་མའི་སྐྲན་ནད་ལྟ་བུ། སྐྲན་ནད་ དེ་དག་ཡང་སྙིང་ཇི་ལྟར་བྱུང་བ་ཡིན་ཞེ་ན།  སྐྲན་སློང་རྐྱེན་རྡུལ་གྱིས་ཕྲ་ཕུང་ལ་ལར་བྱེད་ནུས་བཏོན་ཏེ།  ཕྲ་ཕུང་གི་རྒྱུད་འདེད་དངོས་རྫས་ལ་འགྱུར་ལྡོག་བྱུང་དུ་བཅུག་ནས་སྐྱེ་ལྡན་གཟུགས་ཀྱིས་ཚོད་འཛིན་མི་ཐུབ་པར་བསྟུད་མར་ཁ་གྱེས་པའི་གྱེས་འཕེལ་ཕྲ་ཕུང་ངན་པར་གྱུར་བ་དེ་ལ་ཟེར།(རྒྱུན་ལྡན་གྱི་ཕྲ་ཕུང་ཐེངས་50ནས60ལ་ཁ་གྱེས་ཐུབ། འོན་ཀྱང་སྐྲན་ནད་ཕྲ་ཕུང་ལ་ཚོད་འཛིན་མི་ཐུབ་པས་མགྱོགས་མྱུར་སྒོས་ཚད་མེད་པར་ཁ་གྱེས་དང་གྱེས་འཕེལ་བྱུང་ཐུབ།)ད་དུང་སྣུམ་དེ་རིགས་ཕོ་བའི་ནང་དུ་ཞུ་མི་ཐུབ་པ་རེད། རྒྱུ་མཚན་ཅི་ཡིན་ཞེ་ན།  ཕོ་བ་དང་རྒྱུ་མའི་ངོས་སུ་འབྱར་ནས་འབྱར་སྐྱུ(ཕོ་བའི་སྐྱི་མོ་སྲུང་སྐྱོབ་བྱེད་ཐུབ)དང་ཕོ་བའི་སྤྲི་དཀར་རྩབས(ཟ་མ་ཞུ་བའི་ནུས་བ་ལྡན) སོགས་ལ་གཏོར་བརླག་ཐེབས་ཏེ་མིའི་ཕོ་བའི་ཟ་མ་འཇུ་སྟོབས་ཀྱི་ནུས་བ་ཇེ་ཞན་ཡིན། དེ་བས་ཕོ་བ་ན་བ་ཡིན།  ལུས་ཕུང་ནང་དུ་སྣུམ་གསོགས་ཚད་ཇེ་མང་དུ་སོང་ན། སྣུམ་ དེ་ཚིལ་རྫས་སུ་གྱུར་ཏེ་ལུས་ཚོན་པོར་འགྱུར་ངེས་ཡིན་ལ།  ད་དུང་མིའི་བ་སྤུའི་ཁུང་བུ་ནང་དུ་མང་པོར་བསགས་ཏེ་མཱན་འབུ(螨虫)ལྟ་བུའི་ཕྲ་སྲིན་ལ་འཚོ་གནས་ཀྱི་ཁོར་ཡུག་བསྐྲུན་པས། ཕྲ་སྲིན་དེ་དག་ཚད་མེད་དུ་འཚར་ལོངས་བྱུང་ནས་ངོ་གདོང་འབར་འབུར་གྱུར་བ་ལྟ་བུ། སྣུམ་བཙོས་རིགས་མང་བོ་ཟ་མི་རུང་བ་སྟེ། དེ་ལས་སྣོན་ནམ་སྣུམ་བཙོ་བྱེད་དུས། དྲོད་མཐོ་ཤུགས་རྐྱེན་འོག་ཏུ་རྫས་འགྱུར་འབྱུང་སྣ་ཚོགས་བྱུང་སྟེ། ཟ་མའི་ནང་གི་ཝེ་འཚོ་རྒྱུ་དང་སྤྲི་དཀར་རྫས་ལ་སོགས་པར་གཏོར་བརླག་ཐེབས་ཏེ་སྐྲན་སློང་དངོས་རྫས་སུ་འགྱུར་ངེས་ཡིན། སློབ་གྲོགས་ཚོ་རྒྱུན་པར་བཟའ་བར་དགའ་བའི་སྣུམ་བཙོས་རིགས་ཤིག་ནི་སྟབས་བདེ་ཐུག་པ་ཡིན་ལ། དེའི་ནང་དུའང་ཚོས་རྒྱུ་དང་རུལ་འགོག་རྫས། ཞུམ་རྒྱུ་སོགས་འདུས་པས་མཆིན་པར་གནོད་ངེས་ཡིན།
     ཞོར་ཟས་ནང་དུ་ད་དུང་བྲོ་རྫས་ཚྭ། གཡེར་མ། ཀ་ར། ཚོས་རྒྱུ་རིགས་ལི་སྐྱུར་ཅཱ(山梨酸钾) ། དམར་སེར་མདོག་རྒྱུ(日落黄)  སྐྱུར་རུ་ར(柠檬酸)  ད་དུང་རྫས་འགྱུར་དངོས་རྫས་མང་པོ་ཞིག་འདུས་པས་ལུས་ཕུང་ལ་གནོད་ངེས་ཡིན  (དཔེར་ན་ཚོར་ལོག ཁོག་བཤལ་བ། མཁལ་མ་དང་མཆིན་པའི་ཐོག་དུ་ནད་བྱུང་བ་ལྟ་བུ) ཤ་རིགས་ཀྱི་ཞོར་ཟས(བྱ་ཤ  བྱ་སུག  བྱ་གཤོག  བྱ་སྐེ  ཕག)  ལ་མཚོན་ནའང་གཙང་མ་རྐྱང་རྐྱང་མིན་ཏེ།  མང་ཆེ་ཤོས་ནད་ལ་སོགས་པས་ཤི་བའི་སྲོག་ཆགས་ཀྱི་ཤ་ལས་སྣོན་བྱས་པ་ཡིན། ནད་དུག་འགའ་ཤས་ཤ་དེ་དག་བརྒྱུད་ནས་ལུས་སྟེང་ལ་འགོས་པ་ཡིན།(བྱ་ནད་དང་ཕག་ནད་ལྟ་བུ)དེ་བས་རྫས་འགྱུར་དངོས་རྫས་འགའ་ཤས་ཤིག་གིས་མིའི་སྐྲ་སྟེང་གི་ཚོས་རྒྱུ་ནག་པོ་གྲུབ་བྱེད་ཀྱི་ཞོ་ཨེན་སྐྱུར་རྩབས་ལ་གཏོར་བརླག་བྱས་པས་ད་སྐབས་ན་ཆུང་དག་གི་མགོ་ནའང་སྐྲ་དཀར་བོ་སྐྱེ་བཞིན་ཡོད་དོ།། ཉི་འབྲས་ཀྱི་ནང་དུའང་ཚད་མ་ལོངས་བའི་ཚིལ་སྐྱུར་འདུས་པས་མང་དུ་ཟོས་ན་མཆིན་པར་གནོད་ངེས་ཡིན་ལ། ཐ་ན་ཀ་ར་གོ་རེ་འགའ་ཤས་ནང་དུའང་ཚོས་རྒྱུ་དང་ཞིམ་རྒྱུ་སོགས་མང་དུ་འདུས་ཡོད། སྐོམ་ཆུ་ཡི་ནང་དུའང་ལིན་སྐྱུར་ཐཱན་སྐྱུར་སོགས་མང་པོ་འདུས་པས་མི་ལུས་ཀྱི་ཀཱལ་ཤོར་སླ།  དེ་བས་ཉུང་བ་འཐུང་ན་ལེགས་པར་སྙམ།
     གོང་གསལ་དུ་ལྒིང་བའི་སློབ་གྲོགས་ཚོས་རྒྱུན་པར་ཟ་བའི་ཞོར་ཟས་དེ་དག་འཛམ་གླིང་འཕྲོད་བསྟེན་ཚོགས་པས་གཏན་ལ་ཕབ་པའི་ལུས་ལ་གནོད་པའི་ཞོར་ཟས་བཅུ་ཡི་ནང་དུ་ཕལ་ཆེར་སྣ་ལྔ་དྲུག་ཞིག་འདུས་འདུག  དེ་བས་རྒྱུ་ཆ་མི་གཙང་བའམ་ལས་སྣོན་ལ་གནད་དོན་ཡོད་པའི་ཞོར་དེ་དག་གིས་མི་ཚང་མའི་ལུས་ལ་གནོད་བཞིན་ཡོད་པ་རྟོགས་སླ།
     ནད་མཐའ་དག་ཞོར་ཟས་ཟོས་བ་ཁོ་ན་ལས་བྱུང་བའི་ངེས་བ་མེད་མོད།  འོན་ཀྱང་ཞོར་ཟས་ཟོས་ན་ལུས་ལ་གནོད་པ་ཁོ་ཐག་ཡིན། ཕོ་བ་ན་བ་སོགས་ལས་ནད་ཁ་ཤས་ཤིག་དུས་ཡུན་ཐུང་ངུ་ནང་དུ་ནད་རྟགས་ཕྱིར་མི་མངོན་པས་སྤྱིར་བཏང་དུ་རྟོགས་དཀའ། དེ་བས་སློབ་གྲོགས་ཚང་མས་ཁ་ཟས་ཉོ་བའི་སྐབས་སུ་རྒྱུ་ཆ་དང་སྤུས་ཚད། དུས་ཚོད་ལ་སོགས་པ་གསལ་བོར་བལྟས་ཏེ། ཡང་དག་དང་གདམ་གསེས་ཡོད་པའི་སྒོ་ནས་ཉོ་དགོས། རང་ཉིད་ཀྱི་བདེ་ཐང་གི་ཆེད་དུ་དུས་རྟག་དུ་ཁ་ཟས་མཐའ་དག་ལ་ཡིད་འཇོག་དང་གཟབ་ནན་བྱེད་དགོས། མཐར་རང་རེའི་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་ལུས་ལ་ན་ཚ་མེད་ཅིང་བྱ་གཞག་བདེ་ལེགས་ཡོང་བར་སྨོན།
མཛུབ་སྟོན་དགེ་རྒན།  ཚེ་གཟུངས་ཐར།