ལས་བྱའི་ཐད་ཀྱི་ལྟ་སྟངས། ཆོས་སྐྱོང་མཚོ།

རྩོམ་པ་པོ།: 2013-10-13
རུས་མིང་། ཆོས་སྐྱོང་མཚོ།
འཛིན་གྲྭ དམའ་གཉིས་འཛིན་གཅིག
     ལས་བྱ་འབྲི་བ་ནི་ང་ཚོའི་འོས་འགན་གཙོ་བོ་ཞིག་ཡིན་ལ། དགེ་རྒན་གྱི་སློབ་ཁྲིད་ལ་ཉན་ཡོད་མེད་དང་སློབ་ཁྲིད་ཀྱི་ནང་དོན་ཤེས་ཡོད་མེད་ཀྱི་ཚད་གཞི་འཛིན་ས་ཞིག་ཀྱང་ཡིན། ལས་བྱ་ནན་ཏན་གྱིས་བྲིས་ན་ཡིག་གཟུགས་ཇེ་ཡག་དང་ལས་བྱའི་ནང་དོན་སེམས་ངོར་འཛིན་ཐུབ་པ་བཅས་ཀྱི་དགེ་མཚན་མི་ཉུང་བ་ཞིག་ཡོད། ང་ལ་མཚོན་ནས་བཤད་ན་ལས་བྱ་བཤུ་འབྲི་བྱེད་པར་གོམས་མེད་པས། རང་ཉིད་ཀྱིས་ནུས་པ་བཏོན་ནས་བྲིས་པ་ཡིན་མོད། འོན་ཀྱང་ད་དུང་ལས་བྱར་དེ་འདྲའི་མཐོང་ཆེན་བྱེད་ཀྱིན་མེད་ལ། འབྲི་སྐབས་ཡིག་གཟུགས་ལ་ཡང་དོ་སྣང་ཆེར་བྱེད་མ་མྱོང་། ང་ཚོ་འཛིན་གྲྭའི་སློབ་མ་གང་མང་ཤིག་གཞན་གྱི་ལས་བྱ་ཐད་ཀར་བཤུ་འབྲི་བྱེད་པར་ལོབས་ནས། དུས་གཏན་དུ་རང་ཉིད་ཀྱིས་བསམ་བློ་གཏོང་གིན་མེད། གནས་ཚུལ་དེ་ལྟ་བུ་ནི་སློབ་མ་ཞིག་ལ་མཚོན་ན་ཧ་ཅང་ཡི་མུག་དགོས་པའི་བྱ་སྤྱོད་ཅིག་རེད། ལྷག་པར་དུ་རྩིས་ཚན་རིགས་ཀྱི་ལས་བྱ་འབྲི་མ་ཤེས་པར་གཞན་གྱི་ལས་བྱ་བཤུ་འབྲི་བྱེད་པ་ནི་དུས་རྒྱུན་གྱི་གོམས་སྲོལ་ཞིག་ཏུ་གྱུར་ཡོད། དེར་གཞིགས་ན་ད་གཟོད་སློབ་གྲོགས་སུས་སློབ་ཁྲིད་ལ་མ་ཉན་པ་ཤེས་ཐུབ་ལ། དེ་ལྟར་ཡུན་རིང་སོང་ན་སློབ་སྦྱོང་གི་ཐད་ལ་བཀག་རྒྱ་ཆེན་པོ་ཡོང་སྲིད། འདི་དག་ཚང་མ་ཤེས་ན་ཡང་བཅོས་བསྒྱུར་བྱེད་ཁག་པོ་ཡོད། འོན་ཀྱང་། འདི་ནི་མྱུར་བར་ཐག་གཅོད་བྱས་ནས་ངེས་པར་དུ་བསྒྱུར་དགོས་པའི་ཁ་ཚ་དགོས་གཏུག་གི་དོན་དག་ཅིག་རེད། ལས་བྱ་འབྲི་བ་ནི་སློབ་མའི་འོས་འགན་ཡིན་ལ། སློབ་སྦྱོང་ཐད་ཀྱི་རྣམ་འགྱུར་ཞིག་ཀྱང་ཡིན། ལས་བྱ་བཟང་བོ་ཞིག་མ་བྲིས་ན་ང་ཚོ་ལ་བློར་འཛིན་པ་ཙམ་ལས་གཞན་ཅི་ཡང་བསྒྲུབ་རྒྱུ་མེད་པས། རང་དགར་དུས་ཚོད་འགྱངས་ཐབས་བྱེད་པ་ཞིག་ཡིན་པས། ངོ་མ་དོན་སྙིང་ཅི་ཡང་མེད་ལ། ད་དུང་རྗེས་ཕྱོགས་ཀྱི་སློབ་གཉེར་བྱ་བའི་ཁྲོད་གྲུབ་འབྲས་ཅི་ཡང་ལེན་ཐབས་བྲལ། དེ་བས་ང་ཚོ་རང་གིས་དུས་ཚོད་བཙལ་ནས་ཉིན་རེའི་ལས་བྱ་ཡོངས་འགྲུབ་བྱེད་དགོས་ཤིང་། དུས་ཚོད་དམ་འཛིན་དང་བཀོད་སྒྲིག་ཡོད་པའི་སྒོ་ནས་རང་ཉིད་ལ་ཤེས་བྱ་སྣ་ཚོགས་འབྱོར་དུ་འཇུག་དགོས་པ་ནི་སློབ་མ་ཚོས་ནམ་ཡང་འབད་འབུངས་བྱེད་པའི་དམིགས་ཡུལ་དང་མ་འོངས་པའི་འདུན་ལམ་ཐད་ངེས་པར་དུ་མཁོ་ཞིང་ངེས་པར་རྟོགས་དགོས་པ་ཞིག་ཀྱང་ཡིན། ཅིའི་ཕྱིར་ལས་བྱ་འབྲི་བ་ནི་འདི་འདྲའི་གལ་ཆེན་ཞིག་ཡིན་ཞེ་ན། དེ་ནི་ཧ་ཅང་རྟོགས་སླ་བ་ཞིག་ཡིན་ཏེ། ཉིན་རེའི་ལས་བྱ་ཡོངས་འགྲུབ་བྱས་ན། ཡིག་གཟུགས་ཇེ་ལེགས་དང་སློབ་སྦྱོང་གི་ཆུ་ཚད་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་ཐུབ།  འདྲི་གཞི་དཀའ་མོ་ཞིག་གི་ཐད་ལ་བསམ་བློ་བཏང་ནས་ཡོངས་འགྲུབ་བྱས་ན། བསམ་གཞིགས་ཀྱི་ནུས་པ་ཇེ་བཟང་དང་ སློབ་སྦྱོང་ཐད་སྤྲོ་བ་འཕེལ་ཐུབ་པས་སོ།།
མཛུབ་ཁྲིད་དགེ་རྒན། ལྕགས་མོ་མཚོ།