འབྲི་མོ་ཞིག་གི་ལས་དབང་། དབྱངས་ཅན་ལྷ་སྒྲོན།

རྩོམ་པ་པོ།: 2013-10-13
རུས་མིང་། དབྱངས་ཅན་ལྷ་སྒྲོན།
འཛིན་གྲྭ དམའ་གཉིས་འཛིན་གཅིག
      འབྲི་མོ་ནི་མདོ་དབུས་མཐོ་སྒང་དུ་གནས་ཤིང་ལུས་ལ་རྩལ་དགུ་འཛོམས་པའི་སྲོག་ཆགས་སྟོབས་ཅན་ཞིག་ཡིན། ངེད་ཚང་ལ་འབྲི་མེད་ཀྱང་། ང་འབྲི་ལ་ཆ་རྒྱུས་ཅུང་ཙམ་ཡོད།
      འབྲི་མོ་ནི་གྲང་ངར་ཧ་ཅང་ཆེ་བའི་མདོ་དབུས་ས་མཐོ་རུ་འཚོ་བར་ཇི་ལྟར་འཚམས་པ་ཡིན་ཞེ་ན། རྒྱུ་མཚན་ནི་འབྲིའི་ལུས་སྟེང་གི་རྩིད་པ་རིང་ཞིང་ཁུ་ལུ་མཐུག ཀོ་བའི་འོག་གི་ཚིལ་རིམ་མཐུག་ཅིང་རྔུལ་ཆུ་འབྱིན་པའི་རྨེན་བུ་ཉུང་བ། ཀོ་བའི་ཐོག་ཏུ་གཉེར་མ་ཉུང་བ། གློ་སྦུག་ཐུང་ཞིང་སྦོམ་པ། དབྱང་དབུགས་རྔུབ་ཚད་མང་བ། སྙིང་འཕར་ཚད་ཧ་ཅང་མགྱོགས་པ། ལྟོགས་བསྲན་ཆེ་བ་བཅས་སོ།།
      འབྲོག་ཁུལ་དུ་འབྲི་མོས་བཙས་པའི་ཡ་རུ་དག་ནར་སོན་རྗེས་མེད་དུ་མི་རུང་བའི་སྐྱེལ་འདྲེན་ཡོ་བྱད་ཅིག་ཡིན། གནའ་ནས་བཟུང་འབྲི་མོ་ནི་འབྲོག་པའི་དཀར་ཟས་ཞོ་དང་འོ་མ། མར། ཆུར་བ་སོགས་ཀྱི་ཐོན་ཁུངས་གཙོ་བོ་ཡིན་པས་ནམ་རྒྱུན་དྲིན་ཆེན་ཨ་མར་དཔེ་འཇོག་བྱེད།
      དེ་རིང་སྔ་དྲོ་ཁྱིམ་མཚེས་ཨ་ཁུ་ཚེ་རིང་ཚང་གིས་འབྲི་མོ་ཞིག་བཤའ་གྲབས་བྱེད་བཞིན་ཡོད། ངས་ཨ་ཁུ་ཚེ་རིང་ལ་དེ་མ་བཤའ་ཞེས་བཤད། ཁོང་ཅུང་ཁྲོས་པའི་ངང་ནས་ངེད་ཚང་གི་དོན་དག་ལ་ཁྱོད་ཀྱིས་ཁ་ཡ་བྱེད་མི་དགོས་ཟེར། ཁོས་སྐད་ཆ་དེ་ལྟར་བཤད་ན་ང་ཁ་རོག་མི་འདུག་ཀ་མེད་རེད། ཁོས་སྔོན་ལ་འབྲི་མོ་ཡི་ཁ་དམ་པོར་བསྡམས་རྗེས་སོང་ནས་གྲི་ཞིག་བརྡར་ཏེ་ཁ་ནས་གསལ་ལ་མི་གསལ་བའི་མ་ཎི་འདོན་ཞོར་ལས་ངན་གྱི་འབྲི་མོ་དེ་ཕྱི་མའི་ཡུལ་དུ་བསྐྱལ་ལོ།།
      ཁྱོད་ཚོས་ཤོད་དང་འབྲི་མོ་འདི་ནི་ལས་ངན་ཞིག་རེད་དམ་མ་རེད། རང་གི་བེའུ་ཡི་བགོ་སྐལ་ལས་འོ་ཞོ་མར་ཆུར་སོགས་བདག་པོ་ཁྱིམ་མི་གང་བོར་བྱིན་རྗེས་ངན་གསོད་བྱས། ངའི་སེམས་སྡུག་ཞོར་དུ་འབྲི་མོ་དེ་གསོན་དུས་ཀྱི་རྣམ་འགྱུར་དང་གཡོ་སྒྱུའི་དྲི་མ་དང་བྲལ་བའི་བྱ་ལས་སྣ་ཚོགས་ཡིད་ལ་གསལ་ལེར་ཤར་བྱུང་ལ། དེ་དང་མཉམ་དུ་འཇིག་རྟེན་ཁམས་འདིར་མི་ལས་ལྷག་པའི་གདུག་རྩུབ་ཅན་ཞིག་གང་ན་ཡོད་ཨང་སྙམ་བྱུང་།
མཛུབ་ཁྲིད་དགེ་རྒན། ལྕགས་མོ་མཚོ།