བོད་མིའི་དོགས་སློང་གི་སྙིང་སྟོབས་ལ་དཔྱད་པ། བསམ་འགྲུབ་ཚེ་རིང་།

རྩོམ་པ་པོ།: 2013-10-13
རུས་མིང་། བསམ་འགྲུབ་ཚེ་རིང་།
འཛིན་གྲྭ མཐོ་གཉིས་འཛིན་གསུམ།
     བོད་མི་རིགས་ནི་གནའ་སྔ་མོ་ནས་མདོ་དབུས་མཐོ་སྒང་དུ་འཚོ་བ་རོལ་ཅིང་། དུས་བཞིའི་ཁྱད་པར་ཆེན་པོ་ཡོད་པའི་མཐོ་སྒང་གི་སྣོད་བཅུད་དང་རང་བྱུང་ཁོར་ཡུག་ལ་འཐབ་རྩོད་བྱེད་པའི་ཁྲོད་དུ་དཀའ་ཁག་དང་དཀའ་ངལ་མང་པོ་ཞིག་ལ་འཕྲད་ཡོད་ངེས། ཡིན་ཡང་། ནམ་ཡང་མཚམས་མ་བཞག་པར་མདུན་དུ་བསྐྱོད་པས་དེང་སྐབས་ཀྱི་འཕེལ་རྒྱས་འདིར་ཕྱིན་པ་རེད།
     དེང་སྐབས་མི་མང་པོ་ཞིག་གིས་མི་ལ་དོགས་སློང་དགོས་ཚུལ་དང་དོགས་སློང་གི་སྙིང་སྟོབས་ཤིག་དགོས་ཚུལ། མི་རིགས་གཞན་གྱི་དོགས་སློང་ལ་སློབ་སྦྱོང་བྱེད་དགོས་ཚུལ། ང་ཚོ་བོད་མི་རིགས་འཕེལ་རྒྱས་མེད་པ་དོགས་སློང་ལ་རག་ལས་ཚུལ་སོགས་མང་པོ་ཞིག་བཤད་བཞིན་ཡོད་མོད། ངས་བལྟས་ན་ཆེས་གལ་ཆེ་བ་ནི་དོགས་གྲོལ་གྱི་སྙིང་སྟོབས་ཤིག་དགོས་པ་དེ་རེད་སྙམ། རྒྱུ་མཚན་ནི་དོགས་སློང་ཞེས་པ་ནི་ང་ཚོ་བོད་མི་རིགས་ལ་མཚོན་ན་མིང་ཚིག་གསར་བ་ཞིག་མིན། ཅིའི་ཕྱིར་ཞེ་ན་འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་ལྟ་དང་བསམ་གཞིག་རེ་བཏང་ན་བོད་གདོད་མ་ནས་དོགས་སློང་སྙིང་སྟོབས་ཡོད། དེ་ཡང་འདི་ནས་གདུང་རབས་ཉི་ཤུ་རྩ་བརྒྱད་དུ་ཆབ་སྲིད་སྒྲུང་དང་ལྡེའུ་ བོན་གྱིས་བསྐྱངས་ཞེས་པ་ལྟར། ལྡེའུ་ཞེས་པ་ནི་དེང་སང་གི་ཁེད་ལ་ཟེར་ཞིང་། ཁེད་ཀྱི་ནང་དུ་ཨ་མཚར་མཚར་དགུ་ཞེས་པ་ས་ཆུ་རི་ར་བ་ཁང་ཁྱིམ་བཅས་ལ་དོགས་སློང་བྱས་པའི་དམངས་ཁྲོད་ཀྱི་ཁེད་ཅིག་ཡོད། དེར་བལྟས་ན་བོད་ལ་གནའ་སྔ་མོ་ནས་དོགས་སློང་གི་སྙིང་སྟོབས་ཡོད་པ་མཚོན་ཐུབ། ཡིན་ཡང་། ཁེད་དེ་མི་རབས་ནས་མི་རབས། དུས་རབས་ནས་དུས་རབས་བར་དུ་བརྒྱུད་ཅིང་གཅིག་གིས་གཅིག་ལ་བཤད་བཞིན་ཡོད་མོད། སུ་ཞིག་གིས་ཀྱང་འགྲེལ་བཤད་བརྒྱབ་མ་མྱོང་ལ། ལྷག་པར་དུ་དེང་སྐབས་ཚན་རིག་ལག་རྩལ་འཕེལ་རྒྱས་སུ་བྱིན་པའི་སྐབས་འདིར་ཨ་མཚར་མཚར་དགུ་ནི་མི་རིགས་གཞན་གྱི་སྔ་མོ་ནས་ལྒིང་རིན་མེད་པའི་ཚད་ལ་སླེབས་ཡོད། ཡིན་ནའང། ང་ཚོ་ད་དུང་གྲགས་འགུལ་མེད་པར། ལག་ལེན་གྱི་ཁྲོད་ནས་གསལ་བཤད་བྱེད་མཁན་ཞིག་ཕར་ཞོག མཐའ་ན་ཡིག་བསྒྱུར་བྱས་ནས་ངོ་སྤྲོད་མཁན་ཞིག་ཀྱང་མེད་པར་བལྟས་ན། ང་ཚོ་ལ་དོགས་སློང་གི་སྙིང་སྟོབས་ཞན་པ་མ་རེད། དོགས་གྲོལ་གྱི་སྙིང་སྟོབས་ཞན་པས་རེད། དོགས་པ་ལས་གྲོལ་དུ་མ་བཅུག་ན་དོགས་སློང་བྱས་པས་ཅི་ལ་ཕན། དོགས་གྲོལ་ཡོད་ན་ང་ཚོ་ལ་ཤེས་བྱ་ཐོབ་ཐུབ། ཤེས་བྱ་ཐོབ་ན་ད་གཟོད་སླར་ཡང་དོགས་སློང་བྱས་ནས་ཤེས་བྱ་ཐོབ་པར་བྱེད། དོགས་སློང་ནི་སྔོན་འགྲོ་ཡིན་མོད། དོགས་གྲོལ་མེད་ན་དོགས་སློང་བྱས་པས་ཅི་ལ་ཕན། དེའི་ཕྱིར། ང་ཚོས་འཇིག་རྟེན་གྱི་ཆེ་མ་ཆུང་གསུམ་གྱི་བྱ་དངོས་མཐའ་དག་ལ་དོགས་སློང་བྱས་ནས། དེ་དག་རེ་རེ་ལ་དོགས་གྲོལ་གྱི་འབྲས་བུ་སྨིན་དུ་འཇུག་དགོས། ང་ཚོ་ལ་དོགས་སློང་གི་ས་བོན་ཁོ་ནས་མི་ཆོག་པར་དེ་འདེབས་པ་དང་ལུད་འཇོག་པ་སོགས་བྱས་ནས་དོགས་གྲོལ་གྱི་འབྲས་བཟང་སྨིན་དུ་བཅུག་ན། ད་གཟོད་ང་ཚོས་ཤེས་བྱའི་བཅུད་བཟང་ལ་རོལ་ཐུབ་བོ།།
མཛུབ་སྟོན་དགེ་རྒན། གུ་རུ་དོན་གྲུབ།