ཨ་མའི་བྱམས་བརྩེ། རིན་ཆེན་སྒྲོལ་མ།

རྩོམ་པ་པོ།: 2013-11-01

སློབ་གྲྭ། བསང་ཆུ་རྫོང་རྒན་གྱ་སློབ་གྲྭ།
སློབ་རིམ། ལོ་རིམ་དྲུག་པ།
རུས་མིང་། རིན་ཆེན་སྒྲོལ་མ།

     བྱམས་བརྩེ་རི་རབ་ལས་ཀྱང་མཐོ་ལ་ལྷག་བསམ་འོ་མ་ལས་ཀྱང་དཀར་བའི་ཨ་མ་ལགས། ཁྱེད་ཀྱིས་ང་རང་ཆུང་དུས་ནས་འཚར་ལོངས་འབྱུང་དུ་བཅུག་པར་ངས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
     ཨ་མ་ལགས། བུ་མོ་ངས་ཁྱོད་ཀྱིས་དཀའ་སྡུག་དེ་འདྲ་མང་བོ་མྱངས་ཡོད་པར་ཕྱིར་མདང་རེ་རྒྱབ་ན། མིག་ནས་མཆི་མ་དབང་མེད་དུ་བཞུར་འགྲོ  ཁྱོད་ཀྱི་ཁ་ཏ་བསླབ་བྱའི་དྲིན་གྱིས་ང་རང་ཡ་རབས་ཀྱི་རྗེས་སུ་བསྙེགས་པ་དང་། ཁྱོད་ཀྱི་བཀའ་དྲིན་གྱིས་ངས་མཛེས་སྡུག་ལྡན་པའི་འཇིག་རྟེན་འདི་མཐོང་། ཁྱོད་ཀྱིས་བུ་མོ་ངའི་ཆེད་དུ་དཀའ་ཚེགས་གང་མང་མྱངས་པ་དང་། ཡོད་ཚད་བློས་གཏོང་བའི་སྙིང་སྟོབས་དེ་བས་གསལ་བོར་མཐོང་བྱུང་།
     ཁྱིམ་ཚང་འདིའི་ནང་གི་གདུང་འདེགས་ཀྱི་ཀ་བ་སྟེ་ཨ་ཕ་མེད་ན་ཡང་། ངའི་སེམས་ཁོངས་སུ་ཁྱོད་ནི་ཨ་ཕ་ལས་ཀྱང་བརྟན་ལ་ཨ་ཕ་ལས་ཀྱང་དཀོན་པའི་ཨ་མ་ཞིག་ཡིན། ཁྱོད་ཀྱི་རེ་བ་ཡོད་ཚད་བུ་མོ་ང་ལ་བཅིང་ཡོད་པས། བུ་མོ་ངས་ཁྱོད་ཀྱི་རེ་བ་སྟོང་ཟད་དུ་གཏོང་ག་ལ་རུང་།
     ཨ་མ་ལགས། བུ་མོ་ངས་སྟོབས་ཤུགས་ཡོད་ཚད་ཀྱིས་སློབ་སྦྱོང་ལ་ཧུར་བརྩོན་བྱེད་ངེས་ཡིན། རྗེས་ཕྱོགས་ཁྱོད་ལ་བདེ་ཞིང་སྐྱིད་པའི་འཚོ་བ་ཞིག་རོལ་ཏུ་འཇུག་ངེས་ཡིན།
     ཨ་མ་ལགས། བུ་མོ་ང་ཁྱོད་ལ་དགའ་ཞིང་། ཁྱོད་ཀྱི་བླ་མེད་ཀྱི་སྙིང་སྟོབས་ལ་དེ་བས་ཀྱང་དགའ།

མཛུབ་སྟོན་དགེ་རྒན་བླ་མ་ཚེ་རིང་ཡིན།