ངེད་ཚང་གི་བེའུ། ཀུན་བཟང་སྐྱིད།

རྩོམ་པ་པོ།: 2013-11-01

སློབ་གྲྭ། བསང་ཆུ་རྫོང་རྒན་གྱ་སློབ་གྲྭ།
སློབ་རིམ། ལོ་རིམ་བཞི་བ།
རུས་མིང་། ཀུན་བཟང་སྐྱིད།
     ཉིན་འགའི་སྔོན་ལ་ངེད་ཚང་གི་འབྲི་མོ་ཞིག་ཡོད་པ་དེ་ལ་བེའུ་ཧ་ཅང་སྙིང་རྗེ་བོ་ཞིག་བཙས་བྱུང་ལ། བེའུ་སྙིང་རྗེ་བོ་དེའི་སྤུ་མདོག་སྔོ་རིས་ཡིན་ཞིང་། བེའུ་དེ་བཙས་མ་ཐག་ཏུ་འབྲི་མོས་བེའུའི་ཐོག་ལ་ལྕེ་བལྡག་བྱས་ནས་བེའུའི་ཐོག་གི་མི་གཙང་བ་ཡོད་ཚད་མེད་དུ་བཅུག་པ་ཡིན་ལ། དེའི་རྣམ་འགྱུར་ལ་བལྟས་ཚེ་འབྲི་མོས་རང་གི་ལྕེ་ཡི་གཙང་བཙོག་མི་བསམ་པར་རང་གི་ཕྲུ་གུའི་ཡག་བཙོག་ལ་ཐུགས་ཁུར་ཆེན་པོ་བྱེད་པའི་སྟེང་ནས་དུད་འགྲོ་ཡིན་ནའང་མ་བུའི་བར་གྱི་དུང་བ་དེ་ལྷད་མ་འདྲེས་པ་ཡིན་པ་ཤེས་ཐུབ་བོ།།
     དེའི་རྗེས་སུ་བེའུ་དེས་རྐང་བ་དང་ལག་པ་སོ་སོ་འདར་སིག་སིག་བྱེད་ཞོར་དུ་ཡར་ལངས་འདོད་མོད། འོན་ཀྱང་ཡར་ལངས་མ་ཐག་ཏུ་ས་ལ་འགྱེལ་འགྲོ བེའུས་དེ་ལྟར་ཐེངས་འགའ་ལ་ཡར་ལངས་རྩིས་བྱས་ཀྱང་ས་ལ་འགྱེལ་བ་ཡིན་ལ། བེའུ་སྙིང་རྗེ་བོ་དེ་སེམས་ཤུགས་མི་ཉམས་པར་ཐེངས་མང་བོར་ཡར་ལངས་རྗེས་ད་གཟོད་བདེ་བླག་ངང་ནས་ཡར་ལ་ལངས་ཐུབ་སོང་།
     ཟླ་ཁ་གང་མ་ཐག་པའི་བེའུ་དེས་པུས་མོ་གཉིས་ཀ་ས་ལ་བཙུགས་ནས་འབྲི་མོའི་ནུ་མ་ནུ་བ་ལ་བལྟས་ན། བེའུས་དྲིན་ཆེན་གྱི་ཨ་མ་ལགས་ཁྱེད་ཀྱིས་ང་ལ་འདི་འདྲའི་དྲི་ཞིམ་བཅུད་ལྡན་གྱི་འོ་མ་གནང་བར་བཀའ་དྲིན་ཆེ་ཟེར་བ་དང་གཉིས་སུ་མེད།
     ངེད་ཚང་གི་བེའུ་དེ་བེའུ་གཞན་དང་མི་འདྲ་བ་ནི་ཁོ་བེའུ་གཞན་དང་མཉམ་དུ་རྩེ་བར་དགའ། རྗེས་སུ་ངེད་ཚང་གི་བེའུ་དེས་སྙིང་སྟོབས་ཇེ་ཆེར་གྱུར་ནས་ཨ་མ་ལ་ཁ་བྲལ་ནས་རྩེད་མོ་རྩེ་བའི་གོམས་གཤིས་ཆགས་ཡོད།
ངེད་ཚང་གི་བེའུ་ནི་དེ་འདྲའི་སྙིང་རྗེ་བོ་ཞིག་ཡིན་པས། ངས་དེར་མནར་གཅོད་བྱེད་མི་ཕོད་པར་མ་ཟད། དེར་གཉོར་སྐྱོང་བཟང་བོ་ཞིག་བྱེད་ན་འདོད་དོ།།

མཛུབ་སྟོན་དགེ་རྒན་བཀྲ་ཤིས་འཚོ་ཡིན།