ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་རྒན་གྱ་སློབ་ཁུལ་མཚམས་སྦྱོར་མདོར་བསྡུས།

རྩོམ་པ་པོ།: 2013-11-01

     རྒན་གྱ་སློབ་ཁུལ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་རྒན་གྱ་ཞང་གི་ཞང་ལྟེ་བའི་ཞག་འདུག་སློབ་ཆུང་གཙོ་བྱས་ཏེ་ཞོལ་སྐོར་སྡེ་དམངས་སློབ་ཆུང་དང་། རི་སྔོན་སྡེ་དམངས་སློབ་ཆུང་། ཁ་གྱ་སྡེ་དམངས་སློབ་ཆུང་། རྩེ་དབུས་སྡེ་དམངས་སློབ་ཆུང་། དབལ་སྡེ་སྡེ་དམངས་སློབ་ཆུང་། མཁར་ནང་སྡེ་དམངས་སློབ་ཆུང་བཅས་སྡེ་དམངས་སློབ་ཆུང་དྲུག་ཚུད་པའི་སློབ་ཁུལ་ཅིག་ཡིན་ལ།ད་ལྟ་སློབ་ཁུལ་ཡོངས་སུ་བསྡོམས་པས་དགེ་རྒན72དང་སློབ་མ833ཡོད། སློབ་ཁུལ་གྱི་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་ཀྱིས་བརྒྱ་ཆའི99དང་གྲངས་ཆུང2ཟིན།
     དེ་ལས་རྒན་གྱ་ཞང་ལྟེ་བའི་ཞག་འདུག་སློབ་གྲྭ་ནི1958ལོར་ཐོག་མར་བཙུགས་པ་ཡིན་ལ་དང་ཐོག་གི་སློབ་གྲྭའི་གནས་ཡུལ་ནི་རྒན་གྱའི་བྲག་དཀར་གནས་རིའི་རྩ་ན་ཡོད་པའི་གུང་རི་མཁའ་འགྲོ་མའི་ནང་ཆེན་ཞེས་པ་དེ་ཡིན་སྐད།སྐབས་དེར་དགེ་རྒན་4དང་སློབ་མ36ལས་མེད་ཅེས་གྲགས།1959ལོར་ལྟེ་བའི་སློབ་གྲྭར་སྒྲིག་ཆས་ཁག་ཅིག་ཁ་སྣོན་དང་འཛུགས་སྐྲུན་ཅུང་ཙམ་བྱས་རྗེས། མཁར་ནང་སྡེ་དམངས་སློབ་ཆུང་ཟུར་དུ་བཙུགས།1965ལོར་ལྟེ་བའི་སློབ་གྲྭའི་གནས་ཡུལ་བྲག་དཀར་ནས་རྒན་གྱའི་རིན་ཆེན་རུ་ཆེན་ཏེ་ད་ལྟའི་རྒན་གྱ་ཞང་རིན་ཆེན་རུ་ཁག་ལྔ་བའི་ནང་དུ་སྤར་ཅིང་། ལོ་དེར་རི་སྔོན་སྡེ་དམངས་སློབ་ཆུང་ཐོག་མར་བཙུགས།1976ལོར་ལྟེ་བའི་སློབ་གྲྭ་ཞང་སྲིད་གཞུང་དང་མཉམ་དུ་ད་ལྟའི་གནས་ཡུལ་འདི་རུ་གནས་སྤར།1985ལོར་དབལ་སྡེ་སྡེ་དམངས་སློབ་ཆུང་བཙུགས།1995ལོར་རྫོང་དང་ཞང་།ས་གནས་སྡེ་དམངས་འགོ་ཁྲིད་སོགས་ཕྱོགས་སོ་སོའི་འབད་བརྩོན་འོག་སྐབས་དེའི་ སློབ་ཆུང་4བོ་ཚང་མ་དང་ཐོག་གི་ས་དང་ཤིང་གི་གྲུབ་ཚུལ་ལས་སོ་ཕག་དང་ཤིང་གི་གྲུབ་ཚུལ་དུ་ལེགས་བཅོས་ཆེན་པོ་བྱས་ཏེ་སློབ་གྲྭའི་ཁོར་ཡུག་བཟང་བོ་བསྐྲུན།1999ལོར“བོད་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་ལས་གཞི”ལག་བསྟར་བྱས་པ་དང་། ལོ་དེར་ཞོལ་སྐོར་སྡེ་དམངས་སློབ་ཆུང་དང་རྩེ་དབུས་སྡེ་དམངས་སློབ་ཆུང་གཉིས་གསར་དུ་བཙུགས། 2002ལོར་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཅུའུ་ཡིས་རོགས་སྐྱོར་འོག་ཁ་གྱ་སྡེ་དམངས་སློབ་ཆུང་གསར་དུ་བཙུགས།
     2006ལོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་སྡེའི་འོས་འགན་སློབ་གསོའི་བཟོ་སྐྲུན་ལས་གཞིའི་རྣམ་གྲངས་ལག་བསྟར་བྱས་པས། ཡང་བསྐྱར་རྒན་གྱ་ཞང་ལྟེ་བའི་ཞག་འདུག་སློབ་ཆུང་ལ་ད་ལྟའི་བཞི་ཐོག་ཅན་གྱི་སློབ་ཁྲིད་ཐོག་ཁང་དང་ཉིས་ཐོག་ཅན་གྱི་སློབ་མའི་ཉལ་ཁང་། སློབ་མའི་ཟ་ཁང་། འཁྲུད་ཁང་སོགས་སྒྲིག་གཞིའི་མ་ལག་ཆ་ཚང་གསར་དུ་འཛུགས་བསྐྲུན་བྱས་ཏེ། ཤུགས་ཆེན་པོས་ལྟེ་བའི་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་བཏངས། 2007ལོར་རྒྱལ་ནང་གི་གྲོགས་མོ་ཞིག་གིས་རོགས་སྐྱོར་བྱས་ཏེ་མ་དངུལ་བཏངས་ནས་དབལ་སྡེ་སྡེ་དམངས་སློབ་ཆུང་གི་སློབ་ཁང་དང་ར་སྐོར་སོགས་ཞིག་གསོ་དང་གསར་སྐྲུན་ཆེན་པོ་བྱས། ཡང2010ལོར་རྒྱལ་ནང་གི་ཐེན་ཅིན་གྲོང་ཁྱེར་ནན་ཁེ་གྲོང་ཁུལ་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་ཚོ264ཡིས་རོགས་སྐྱོར་བྱས་ནས་རི་སྔོན་སློབ་ཆུང་ལ་གནས་ས་གསར་བ་བཙལ་ཏེ་སུམ་ཐོག་ཅན་གྱི་སློབ་ཁྲིད་ཐོག་ཁང་དང་དགེ་རྒན་གྱི་ཉལ་ཁང་གྱན10སློབ་མའི་ཟ་ཁང་། ལུས་རྩལ་ར་བ། སློབ་གྲྭའི་རྒྱ་ར། སྒོ་ཆེན་དང་བཅས་པའི་སྒྲིག་ཆས་ཡོངས་སུ་ཚང་བ་གསར་དུ་བསྐྲུན་ནས་སྡེ་དམངས་སློབ་ཆུང་དེའི་སློབ་སྒྲུབ་ཀྱི་ཆ་རྐྱེན་ཀན་ལྷོ་ཁུལ་ཡོངས་ཀྱི་སྡེ་དམངས་སློབ་ཆུང་ལས་ཆེས་བཟང་ཤོས་སུ་གྱུར་དུ་བཅུགས་ཡོད།
     སློབ་ཁུལ་གྱི་སློབ་གཙོ་དོན་འགྲུབ་ལགས་ཀྱི་འབད་བརྩོན་ཆེན་པོའི་བདག་སྐྱོང་དང་གོང་རིམ་འགོ་ཁྲིད་རྣམ་པའི་ཤུགས་ཆེན་པོའི་ཐུགས་ཁུར་བཅས་ལ་བརྟེན་ཏེ། 2011ལོར་ཞང་ལྟེ་བའི་སློབ་གྲྭ་ལ་ཡང་བསྐྱར་བཞི་ཐོག་ཅན་གྱི་སློབ་མའི་ཉལ་ཁང་ཆེན་པོ་ཞིག་ཀྱང་གསར་དུ་བསྐྲུན་ཏེ་ལེགས་འགྲུབ་ཕུན་སུམ་ཚོགས་པ་བྱུང་བས། སྔོན་ཆད་ཞག་འདུག་སློབ་མ་ལ་ཉལ་ཁང་གིས་མི་འདང་བའི་དཀའ་ཁེག་དེ་རྩ་བ་ནས་སེལ་ཐུབ་པ་བྱུང་ཡོད། དེར་མ་ཟད་ད་དུང་2010ལོར་ཞང་ལྟེ་བའི་ཞག་འདུག་སློབ་གྲྭའི་སློབ་ཁང་རེ་རེ་ཚང་མའི་ནང་དུ་སྨྱན་མང་གཟུགས་ཀྱི་སློབ་ཁྲིད་སྒྲིག་ཆས་རྩིས་འཁོར་དང་བཅས་པ་ཆ་ཚང་བར་བསྒྲིགས་ཡོད་པས། སློབ་མའི་སློབ་སྦྱོང་གི་འཚོ་བ་སྔར་ལས་ལྷག་པར་ཕུན་སུམ་ཇེ་ཚོགས་སུ་བཏངས་ཡོད།
     ཉེ་བའི་ལོ་ཁ་ཤས་ཀྱི་རིང་སློབ་ཁུལ་འདི་ལ་ཁུལ་ཡོངས་ཀྱི་སྔོན་ཐོན་སློབ་ཁུལ་གྱི་མཚན་སྙན་ཐོབ་པ་མ་ཟད། རྫོང་རིམ་པ་ཡན་གྱི་སློབ་གསོ་དང་ཕལ་ཆེར་གཉིས་ཀྱི་མཁྲེགས་གཏོར་བྱ་བའི་གྲུབ་འབྲས་ཕུལ་བྱུང་གི་བྱ་དགའ་ཡང་ཐོབ་མྱོང་།
     སྤྱ་ཚོགས་སློབ་གསོར་སྐུལ་འདེད་དང་སློབ་མའི་སློབ་སྦྱོང་གི་དགོས་མཁོ་བསྐོང་ཆེད2004ལོ་ནས་བཟུང་རྒན་གྱ་སློབ་ཁུལ་གྱི་མཐར་ཕྱིན་སློབ་མའི་ཆེད་སྒྲིག་ལོ་དེབ《སེར་ཆེན་མེ་ཏོག》ཅེས་པ་ལོ་རེར་པར་སྐྲུན་དང་འགྲེམ་སྤེལ་བྱེད་ཀྱིན་ཡོད་པར་མ་ཟད་ད་ལོ《སེར་ཆེན་མེ་ཏོག》དེབ་བཅུ་བ་དཔར་ཡོད་ལ། ད་ལོའི་སྤྱི་ཟླ་བཅུ་བ་ནས་བཟུང་སློབ་གྲྭས《སློབ་རའི་ཉི་གཞོན་ཚགས་པར》ཅེས་པའི་ཟླ་ཕྱེད་ཚགས་པར་ཅིག་ཀྱང་གསར་གཏོད་བྱས་ཏེ་དངོས་སུ་གཉེར་འགོ་བརྩམས་པས། ཀན་ལྷོ་ཁུལ་དང་ཐ་ན་བོད་ཡུལ་གྱི་ཚགས་པར་དང་དུས་དེབ་གཉེར་བཞིན་པའི་སློབ་ཆུང་ཐོག་མར་གྱུར་ཡོད་དོ།།