གྲོགས་མེད་ཁེར་རྐྱང་། གཅོད་པ་འཚོ།

རྩོམ་པ་པོ།: 2014-03-01

སློབ་གྲྭ། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་།
འཛིན་གྲྭ། དམའ་གཉིས་འཛིན་བདུན་པ།
རུས་མིང་། གཅོད་པ་འཚོ།

      གྲོགས་པོ་ཟེར་བ་ནི་ང་ཚོའི་འཚོ་བའི་ནང་དུ་མེད་དུ་མི་རུང་བའི་རྒྱབ་རྟེན་བྱེད་ས་ཡིན་ལ། འཚོ་བའི་ནང་དུ་གྲོགས་པོ་མེད་པའི་མི་ནི་ཧ་ཅང་ཉུང་ཉུང་ཡིན་པས། གྲོགས་པོ་ནི་ང་ཚོ་སྐྱིད་ན་དགའ་སྤྲོ་ལོངས་སུ་སྤྱོད་རོགས་དང་།སྐྱོ་དུས་སྡུག་བསྔལ་སོགས་བཤད་ནས་སེམས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་མཁན་དེ་ཡིན་པས། བདག་གིས་གྲོགས་པོ་ཟེར་བ་འདི་ལ་འདི་འདྲའི་གོ་བ་བླངས་ཡོད། སྔོན་བསགས་ཀྱི་ལས་དབང་ཞིག་གིས་ང་དང་ཡི་དམ་སྐྱིད་གཉིས་སློབ་ཆུང་ལོ་རིམ་དང་བོ་ནས་དགེ་རྒན་གཅིག་གི་སློབ་བུར་གྱུར་ནས་རིམ་བཞིན་ཆེས་བཟང་བའི་གྲོགས་པོ་རུ་གྱུར་སོང་། བགྲང་བྱ་མང་བོར་མཉམ་འགྲོ་མཉམ་འདུག་བྱས་པས་ཕན་ཚུན་ལ་བརྩེ་བའང་ཟབ་མོ་ཆགས་ཡོད། དེ་ནས་སློབ་འབྲིང་དུའང་འཛིན་གྲྭ་གཅིག་ལ་འཛོམས་སོང་བས། དངོས་གནས་སེམས་ལ་སྨྲ་མི་ཤེས་པའི་དགའ་སྤྲོ་ཞིག་སྐྱེས། འོན་ཀྱང་འདུས་པའི་མཐའ་མ་འབྲལ་བ་ཞེས་པའི་དཔེ་ལྟར་མཉམ་དུ་སྡོད་པའི་སྐལ་བ་དེ་འདི་ལྟར་འཕྲོག་སོང་།
      དགོང་མོ་དེར། བདག་ལ་སྨྲ་མི་ཚར་བའི་སྡུག་བསྔལ་དང་ན་ཟུག་ཡོད། འོན་ཀྱང་སྡུག་བསྔལ་འདི་སུ་ཡིས་རྟོགས། ནམ་རྒྱུན། སློབ་ཐུན་སྐབས་དང་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་མཚམས་རེར་ཡི་དམ་སྐྱིད་ཅེས་ཁ་ནས་རང་དབང་མེད་པར་ཤོར་འགྲོ། སྐབས་དེར་ཁྱོད་རང་གང་དུ་ཡོད། བདག་གིས་ཁྱོད་ཀྱི་ཁོག་རྒྱ་ཆེ་བའི་རང་གཤིས་དེ་རང་གི་རྒྱུད་ལ་སྦྱོར་དུ་འཇུག་བསམ་དུས། ཁྱོད་རང་གང་དུ་བཞུགས། བདག་ལ་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ག་འདྲ་སྐྱེས་རུང་བདག་གིས་སུ་ལ་བཤད། འོན་ཀྱང་ལས་དབང་ལ་ལྡོག་ཐབས་བྲལ། དེའི་དབང་གིས་བདག་གིས་འདི་ནས་ཁྱོད་ལ་སྙིང་གཏམ་ཚིག་འགའ་བརྗོད་པར་འདོད།
      གྲོགས་མོ་ལགས། ཐོག་མར་བདག་གིས་ཁྱོད་རང་འགྲོ་སའི་སློབ་གྲྭ་དེ་ནས་ཁྱོད་ཀྱིས་རེ་སྙེག་བྱེད་པའི་མདུན་ལམ་ལ་འོད་སྟོང་འབར་བའི་སྨོན་འདུན་ཞུ། ད་དུང་འདས་ཟིན་པའི་ལོ་ཟླའི་ཁྲོད་བདག་གིས་ཁྱོད་ལ་སྐད་ཆ་གནོད་མོ་དང་འོས་མེད་ཀྱི་བྱ་བ་ཡང་གང་མང་བྱས་ཡོད་ཤས་ཆེ། དགོངས་པ་མི་ཚོམ་པར་ཞུ། ངེད་གཉིས་འདི་ལྟར་ཁ་བྲལ་སོང་རུང་། བརྩེ་བ་ལ་འགྱུར་བ་མེད། གྲོགས་མོ་ལགས། རང་རང་ས་ནས་མ་འོངས་པའི་མདུན་ལམ་འཚོལ་ཡ། ཁྱོད་ཀྱིས་ཀྱང་རང་ཉིད་ལ་ཡིད་ཆེས་བྱས་ཏེ་མ་འོངས་པའི་ལམ་ལ་བསྐྱོད་དང་། ངས་ཀྱང་རང་ནུས་ཡོད་ཚད་ཀྱིས་སློབ་སྦྱོང་ལ་ཧུར་བརྩོན་བྱེད།
      གྲོགས་མོ་ལགས། མཇུག་མཐར་ངས་ཁྱོད་ཀྱི་སློབ་སྦྱོང་གི་འབྲས་བུ་དབྱར་གྱི་ཆུ་བོ་བཞིན་དུ་རྒྱས་པའི་སྨོན་ལམ་གདབ་ཞོར་སླར་ཡང་མཇལ་བའི་དུས་ལ་རེ་སྒུག་བྱས་ནས་འདུག 

འོས་སྦྱོར་བ། བདེན་འཚོལ།༼བོད་ཡིག་དགེ་རྒན།༽