ཕ་ཡུལ་གྱི་ལུག་ཁྱུ། ཚེ་རིང་དོན་གྲུབ།

རྩོམ་པ་པོ།: 2014-03-01

སློབ་གྲྭ། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་།
འཛིན་གྲྭ། དམའ་གཉིས་འཛིན་བདུན།
རུས་མིང་། ཚེ་རིང་དོན་གྲུབ།

གཡུ་འབྲུག་སྔོན་མོའི་འཁྱུག་རྩལ་ངོམ་འདྲའི་ཀླུ་ཆབ་དལ་འགྲོའི་བཞུར་རྒྱུན་གྱི་སྣེ་མོ་ན། །
རི་ལུང་ཐང་གསུམ་ཐབ་རྡོ་བཙུགས་འདྲའི་ལུང་བ་འདི་ཡི་ཡ་གྱལ་གྱི་ལུང་ཕུགས་ན། །
རི་ཆུ་ནགས་གསུམ་འཛོམས་པའི་ཕ་ཡུལ་རྫས་ལུང་ཕྱུག་མོའི་ལྗང་མདོག་གི་ཐང་ཆེན་ན། །
གཡང་དཀར་ལུག་ཁྱུ་སྐར་ཚོགས་བཀྲམ་འདྲའི་རྩྭ་ཐང་འདི་ཡི་མཛེས་པ་དེ་དབང་མེད་དྲན། །

རྩྭ་ཐང་གཡུ་ཡི་མནྡལ་སྟེང་གི་མུ་ཏིག་དཀར་པོ་ཐང་མར་བརྡལ་ཞེས་པའི་དཔེ། །
འབབ་སྒྲ་སྙན་མོ་ས་འཛིན་དཀར་པོའི་སྒྲ་དབྱངས་དཀྲོལ་བའི་བག་ཕེབས་ཀྱི་ཡིད་འཕྲོག་མ། །
ཕ་ཡུལ་མུ་མེད་རི་ཆུ་བརྗིད་པར་རྒྱན་པའི་སྒོ་ཕྱུགས་གཡང་དཀར་དེ་ལུག་ཁྱུ་ལགས། །
ཁྱོད་ནི་གངས་ལྗོངས་ཁ་བའི་ལྗོངས་ཀྱི་འཚོ་རྟེན་་གྲོགས་བཟང་དེ་མ་ཡིན་ནམ། །

ཆུ་ཡི་ཟགས་མ་གཏེར་ལ་འཕྱོ་ནས་མུ་ཏིག་ལྟ་བུའི་འཇམ་ལྡན་གྱི་ལུ་གུའི་བལ། །
ཁྱོད་ཀྱིས་མེས་པོ་རྣམས་ཀྱི་དགུན་གསུམ་སེར་བུ་འགོག་པའི་ནུས་ལྡན་གྱི་ཁ་ཆུ་བསྩལ། །
ཁ་བའི་ཚེ་སྲོག་དམར་པོར་བཀྲེས་ལྟོགས་སྡུག་བསྔལ་མནར་བའི་སྐྱེ་བོ་རེ་མ་བྱུང་བ། །
དྲིན་ཆེན་ལུག་ཁྱུ་ཁྱོད་ཀྱི་རིན་ཆེན་ཤ་རྡོ་དྲི་ཞིམ་ལྡང་བ་ལ་རོལ་བའི་དྲིན། །

ཨེ་མ་ཕ་ཡུལ་རྩྭ་ཐང་མཛེས་པར་བརྒྱན་པའི་རྒྱུ་སྐར་འདྲ་བའི་ངའི་ལུག་ཁྱུ་ལགས། །
ཁྱེད་ཀྱིས་རྫས་ཚའི་རི་ལུང་ཐང་གསུམ་མེ་ཏོག་ལྷ་དར་དཀར་པོ་ལྟར་བརྒྱན་འདུག་ལ། །
རྫས་ཚའི་གྱེན་གཤགས་གཙང་ཁ་ཟེགས་མའི་རླབས་ཕྲེང་གཏོར་བ་བཞིན་མཚམས་མེད་སྒྲིག །
མ་མོ་ལུ་གུའི་འབའ་སྒྲ་བྲག་གཤགས་འདི་ཡི་བར་སྟོང་སྒྲོགས་ནས་ཁྱེད་བསུ་བ་བྱེད། །

༢༠༡༣ལོའི་ཟླ༨པའི་ཚེས༢༨ཉིན། 
འོས་སྦྱོར་བ། བདེན་འཚོལ།༼བོད་ཡིག་དགེ་རྒན།༽