སྤྲོ་སྣང་གིས་ཁེངས་སོང་། བཀྲ་ཤིས་སྒྲོལ་མ།

རྩོམ་པ་པོ།: 2014-03-01

སློབ་གྲྭ།   ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་།
འཛིན་གྲྭ།  དམའ་གཉིས་འཛིན་བརྒྱད།
རུས་མིང་།  བཀྲ་ཤིས་སྒྲོལ་མ།
 
      ང་ནི་སྒྲུང་གཏམ་གྱི་དཔེ་ཆར་བལྟ་རྒྱུར་དགའ་བའི་སློབ་མ་ཞིག་ཡིན། ཉིན་འགའི་སྔོན་ལ་ངས་རང་གི་སློབ་གྲོགས་ཤིག་ལ་ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་བདམས་སྒྲིག་ཅེས་པའི་དཔེ་ཆ་དེ་གཡར་ནས་བལྟ་རྩིས་བྱས། སྤྱིར་ང་ནི་སྐྱེས་སྟོབས་ཀྱི་ཡོན་ཏན་ཞན་པའི་སློབ་མ་ཞིག་ཡིན་པས། དེ་འདྲའི་གོ་བ་ཟབ་མོ་ཞིག་ལོན་མི་ཐུབ་མོད། འོན་ཀྱང་དཔེ་ཆ་དེ་ནི་སྒྲུང་གཏམ་གྱི་དཔེ་ཆ་ཞིག་ཡིན་པས། ང་རང་བལྟ་རྒྱུར་ཧ་ཅང་དགའ་བོ་བྱུང་། མཚམས་རེར་དོན་དག་ནི་ངོ་མ་རང་གི་མིག་ལམ་ན་ཡོད་པའི་ཚོར་སྣང་ཞིག་སྟེར་ཐུབ་པས། ང་རང་སྔར་ལས་ལྷག་པའི་བལྟ་འདོད་ཀྱི་རེ་བ་ཞིག་སྐྱེས་བྱུང་། ང་ལ་རིག་གནས་ཀྱི་ཤེས་བྱ་ཟབ་མོ་མེད་པས་དཔེ་ཆ་འདིའི་ནང་ནས་རང་ལ་མཁོ་བའི་སྐད་ཆ་ཞིག་རྙེད་མ་བྱུང་། འོན་ཀྱང་དཔེ་ཆ་འདིར་བལྟས་པ་ནས་བཟུང་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་བྱུང་།
      སྤྱིར་འདི་ནི་དགེན་སྟག་ཐར་གྱིས་ང་ཚོ་ལ་དབྱར་གནང་སྐབས་བཀོད་སྒྲིག་བྱས་པའི་ལྟ་ཀློག་སྐོར་གྱི་ལས་བྱ་དེ་ཡིན་མོད། འོན་ཀྱང་ང་ལ་ནུས་པ་དང་མཐོང་རྒྱ་མེད་པ་དང་མཐུན་རྐྱེན་མ་འཛོམས་པ་སོགས་རྒྱུ་རྐྱེན་གང་མང་ཞིག་གིས་གཟའ་འཁོར་འདིའི་ནང་མ་གཏོགས་ལས་བྱ་འདི་ལེགས་གྲུབ་བྱུང་མ་ཐུབ། དེ་རིང་སྔ་དྲོར་ཀློག་འདོན་སྐབས་སུ་བདག་གིས་བོད་ཡིག་སློབ་ཚན་བློར་བཟུང་ཚར་རྗེས། མུ་མཐུད་དུ་དཔེ་ཆ་དེར་བལྟས། ག་ཡིན་འདི་ཡིན་མེད་པར་བལྟས་ནས་འགྲོ་བཞིན་པའི་སྐབས་སུ་གློ་བུར་དུ་ཆེས་མཇུག་མཐའི་ཤོག་གྲངས་ངོས་སུ་ཐོན་འདུག་པས་ང་རང་གི་སེམས་པར་གློ་བུར་དུ་དགའ་སྣང་དང་སྤྲོ་སྐྱིད་ཅིག་གི་སྐྱེས་སོང་། རྒྱུ་མཚན་བདག་གིས་དགེ་རྒན་གྱིས་བཤད་པའི་སྐད་ཆ་སྣང་མེད་དུ་མ་བཞག་པ་དང་ཡང་ཅིག་བཤད་ན་རང་གི་འོས་འགན་ཡང་འགྲུབ་སོང་བས། ང་རང་ཧ་ཅང་དགའ་བོ་བྱུང་།
      འོན་ཀྱང་འདི་དག་ནི་དགེ་རྒན་ཁྱེད་ཀྱིས་མཛུབ་སྟོན་དང་སེམས་གསོ་བྱས་པའམ་ཡང་ན་རང་གི་སློབ་གྲོགས་གཉིས་ཀྱི་རོགས་རམ་དང་སྐུལ་ལྕགས་ལས་བྱུང་བ་ཞིག་ཡིན་པས་ངས་བཀའ་དྲིན་ཡང་ཡང་ཞུ།

འོས་སྦྱོར་བ། བདེན་འཚོལ།༼བོད་ཡིག་དགེ་རྒན།༽