སྲིབ་ན་གནས་པའི་ལྕང་སྡོང་ཞིག སྐལ་བཟང་ཐོགས་མེད།

རྩོམ་པ་པོ།: 2014-03-01

སློབ་གྲྭ། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་།
འཛིན་གྲྭ། དམའ་གཉིས་འཛིན་བདུན།
རུས་མིང་། སྐལ་བཟང་ཐོགས་མེད།

ཁྲི་གདུགས་ཉི་མའི་བྱམས་བརྩེའི་དྲོད་ཁོལ་འོག་སྐྱོང་མ་མྱོང་།
སྦྲང་ཆར་བསིལ་མའི་དངོས་གྲུབ་ཀྱི་ས་བོན་བསྟེན་པ་དབེན།
ནག་ནོག་གྲིབ་མའི་ཁྲོད་ན་འཚོ་སྡོད་བྱེད་པའི་ཁོ་བོར།
གདུག་རྩུབ་གངས་དང་ཁ་བའི་བརྙས་བཅོས་མྱོང་བ་མང་ན་ཡང་།
འཚོ་སྡོད་ཀྱི་བློ་ཁ་ནི་ནམ་ཡང་གྱེན་དུ་ཕྱོགས།
ལྕང་སྡོང་ཕྲ་མོ།
ཟླ་མེད་སྡུག་བསྔལ་རྫོགས་མཐའ་བྲལ་ན་ཡང་།
འཚོ་བ་ཁ་བོ་བཅོས་མའི་འཛུམ་གྱིས་བསུ་བ་ལས།
སྐྱོ་གདུང་གི་མཆི་མ་ནམ་ཡང་འཐོར་མ་མྱོང་།
རེ་བའི་ཉི་གཞོན་བསླབས་པའི་སྨོན་ལམ་ཡང་ཡང་ལས།
སྡུག་མོས་དང་འཁང་སེམས་ནི་ནམ་ཡང་སྐྱེས་མ་མྱོང་།
སྡུག་བསྔལ་གྱི་རྒྱ་མཚོ་བརྒལ་བའི་གྲུ་གཟིངས་བསྐྲུན་པ་ལས།
འུ་ཐུག་ཐབས་ཟད་ཀྱི་བསམ་བློ་སྔར་ནས་མེད།
ནང་སེམས་ཀྱི་རྨ་ཁ་ཅི་འདྲའི་ཟབ་ཀྱང་།
ངོ་གདོང་གི་འཛུམ་མདངས་ནམ་ཡང་ཡལ་མྱོང་མེད།
ཁེར་རྐྱང་གི་སྡོང་བོ་ཞིག
སྡུག་བསྔལ་གྱི་ལྕང་སྡོང་ཞིག
འུ་ཐུག་གི་ལྕང་སྡོང་ཞིག
རྨ་ཁ་ཡི་ལྕང་སྡོང་ཞིག
ཅི་འདྲའི་ཚེ་ཟད་ཀྱི་ལས་ཤིག་རེད་ཨང་།
ཅི་འདྲའི་འུ་ཐུག་གི་ཚེ་ཞིག
ཅི་འདྲའི་སྡུག་བསྔལ་གྱི་འཚོ་བ་ལ་ཨང་།

འོས་སྦྱོར་བ། བདེན་འཚོལ།༼བོད་ཡིག་དགེ་རྒན།༽