ཀུན་སྤྱོད་བཟང་བ་ནི་མཛེས་བ་ཀུན་གྱི་མཆོག སྒྲོལ་མ་འཚོ།

རྩོམ་པ་པོ།: 2014-06-02
ཀུན་སྤྱོད་བཟང་བ་ནི་མཛེས་བ་ཀུན་གྱི་མཆོག
འཛིན་གྲྭ མཐོ་གཉིས་འཛིན་བཞི།
རུས་མིང་། སྒྲོལ་མ་འཚོ།
      ང་ཚོ་ཚང་མས་ཤེས་གསལ་ལྟར།བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།བསམ་པ་ངན་ན་ས་དང་ལམ་ཡང་ངན།ཞེས་བ་ལྟར།བསམ་པ་བཟང་ན་གཞི་ནས་ཀུན་སྤྱོད་ལེགས་པོའི་པོར་འགྱུར་ཐུབ་ལ།ཀུན་སྤྱོད་བཟང་ཚེ་མི་ཞིག་གི་བྱ་བ་ལམ་འགྲོ་ཡོང་བ་དང་གཞན་ལ་ཕན་ཐོགས།མི་རྣམས་ཀྱི་གོང་བཀུར་ཐོབ་པ་སོགས་བྱེད།དེར་བརྟེན་ཀུན་སྤྱོད་ནི་མི་ཞིག་གི་ལུས་སྟང་གི་རྩ་ཆེ་བའི་རྒྱན་ཆ་ཇི་བཞིན་ང་ཚོ་ལ་ཁྱད་འཕགས་ཀྱི་མཛེས་བ་ཞིག་བསྐྲུན་ཡོད།
      ང་ཚོར་མཚོན་ན་ལང་ཚོ་དར་ལ་བབ་པའི་གཞོན་སྐྱེས་ཏག་ཏག་ཡིན་ལ་སྣང་པ་མཐོ།ཁྱོད་ཀྱིས་ཚིག་གཅིག་བཤད་ན་ཁོས་ཚིག་གཉིས་ནས་གསུམ་བཤད་པས་མགོ་ན་གནམ་དང་རྐང་འོག་ན་ས་མ་གཏོགས་མེད་པའི་དུས་སྐབས་ཞིག་ཡིན་ཞིང་།ཚང་མས་གཙིགས་སུ་འཛིན་པ་ནི་ཕྱི་ལུས་ཀྱི་མཛེས་བ་སྟེ་ཡིན་ལ།ཚང་མས་རྒྱུན་དུ་སློབ་ཁང་ནང་དང་ཉལ་ཁང་།ཐ་ན་གཙང་སྤྱོད་ཁང་གི་ནང་དུའང་སུ་མཛེས་མིན་དང་སུའི་གྱོན་པ་བཟང་མིན་ལ་ལབ་གླེང་བྱེད་བཞིན་མཆིས།འོན་ཀྱང་མཛེས་བ་ངོ་མ་ནི་ཁོ་ཚོས་ཀྱང་ཅི་ཞིག་ལ་ཤེས་ཀྱིན་མེད།ཁོ་ཚོས་ཤེས་བྱ་ཕྱི་ལུས་ཁོ་ན་མ་གཏོགས་ཀུན་སྤྱོད་སྟེང་ལ་བསམ་བློ་ཡེ་ནས་བཏང་མེད།དཔེར་ན་ཁོ་ཚོས་ཉམ་ཆུང་ལ་བརྙས་བཅོས་དང་རྒན་པར་བརྩི་བཀུར་མི་བྱེད།དགེ་རྒན་གྱིས་གཤེ་གཤེ་ཅུང་ཙམ་བཏང་ན་མི་འཐད་པའི་རྣམ་འགྱུར་སྟོན་ལ།ད་དུང་དེ་ནི་རང་ཉིད་ཀྱི་གཟི་བརྗིད་ཞིག་ཏུ་འདོད་ཡོད། འོན་ཀྱང་དེ་ནི་སྐྱུག་བྲོ་བའི་བྱ་སྤྱོད་ཞིག་ཡིན་ཏེ།ང་ཚོ་སློབ་གྲྭར་འགྲིམ་པ་ནི་རང་ཉིད་ཀྱི་བྱ་སྤྱོད་འདུལ་བར་བྱེད་པ་སྟེ།ལེགས་ལམ་དུ་ཁྲིད་བྱེད་ཅིག་ཡིན་པ་ལས་ཕྱི་ལུས་ཀྱི་མཛེས་བ་འགྲན་དུ་ཡོང་བ་མིན།དེའི་རྐྱེན་ང་ཚོ་རྒྱུན་དུ་ཕྱི་ལུས་ཀྱི་མཛེས་བའི་ནང་དུ་མགོ་འཐོམས་ནས་མི་འདུག་པར།མཛེས་ངོ་མ་སྟེ།ནང་སེམས་ཀྱི་ཀུན་སྤྱོད་ལེགས་པར་བྱེད་དགོས།རྒྱུ་མཚན་ཁྱོད་ཀྱི་མཛེས་པ་ངོ་མ་དེ་ན་བདོག
      གྲལ་སྒྲིག་ཐེངས་རེ་ལ་སློབ་གཙོ་གཙོ་བྱས་བའི་སློབ་གྲྭའི་འགོ་ཁྲིད་པ་རྣམས་ཀྱིས་རྒྱུན་དུ་གྲལ་མགོ་ནས་ང་ཚོར་འདིར་ཡོང་དོན་སྐོར་ཀྱི་གནས་ལུགས་མང་བོ་བཤད་པ་དང་ལྷག་པར་དུ་ཀུན་སྤྱོད་གཙོ་བྱས་ནས་སློབ་གསོ་གནང་བ་རེད། འདིའི་སྟེང་ནས་ཀྱང་ཀུན་སྤྱོད་བཟང་བ་ནི་མི་ཀུན་ཀྱི་ལམ་ལེགས་པོར་འགྲོ་བྱེད་དང་ཤེས་རིག་གི་ནོར་བུ་ལེན་པར་མེད་དུ་མི་རུང་བ་ཞིག་ཡིན་པ་ཤེས་ཐུབ། དཔེར་ན་ང་ཚོའི་འཛིན་གྲྭའི་ནང་དུ་འང་བུ་མོ་ཧ་ཅང་ཡ་རབས་ཞིག་ཡོད་དེ། མོས་ཐེངས་འདིའི་གནང་བྱིན་གྱི་སྒོར་མོ་ཚང་མ་འཛིན་གྲྭའི་ནང་ཕྱིར་བྱིན་ནས་ང་ཚོའི་འཛིན་གྲྭའི་ཆེད་དུ་ལས་ཀ་གཉེར་བཞིན་པའི་ལས་བྱེད་མི་སྣ་ཡོངས་ལ་བགོས་བ་དང་མོས་སྐར་མ་གཅིག་ཀྱང་མ་འཁྱེར། འདི་འདྲའི་ཀུན་སྤྱོད་བཟང་བས་ང་ཚོའི་འཛིན་གྲྭའི་སློབ་མ་ཡོངས་དང་མཐོ་གཉིས་ཚན་སྐོར་གྱི་དགེ་རྒན་ཡོངས་ལ་སེམས་འགུལ་ཐེབས་སུ་བཅུག་པ་དང་ཚང་མས་མོ་ལ་གཟེངས་བསྟོད་བྱེད་པ་ནི་ཆུ་རྒྱུན་རིང་མོ་ལྟར་མི་ཆད་ལ། མོ་ཡང་ང་ཚོའི་སློབ་གྲོགས་དང་དགེ་རྒན་རྣམས་ཀྱི་སེམས་སྟེང་གི་མེ་ཏོག་རྐང་གཅིག་ཏུ་གྱུར།
      གལ་ཏེ། འཇིག་རྟེན་འདིར་འཚོ་བའི་གང་ཟག་ཡོད་ཚད་ཀྱི་ཀུན་སྤྱོད་བཟང་ཚེ། འཇིག་རྟེན་འདི་སྔར་ལས་ལྷག་པར་བདེ་སྐྱིད་ལྡན་ལ། སུན་རྩེན་ལྷ་ཡུལ་ལྟར་སེམས་ནང་གི་ཧམ་སེམས་དང་ཕྲག་དོག་ཚང་མ་མེད་པར་གྱུར་ནས་མི་ཚེ་འདི་ཚང་མས་འཛུམ་གྱིས་སྐྱེལ་ངེས། ང་ཚོ་སློབ་མ་ཞིག་ཡིན་པའི་ཆ་ནས་ཡང་ཀུན་སྤྱོད་རྨང་གཞི་བྱས་ནས་རིག་གནས་ཤེས་བྱ་སློབ་སྦྱོང་བྱེད་དགོས། དེ་ལྟར་བྱས་ན་ཁྱེད་སློབ་མ་ཡོངས་ལས་ཆེས་མཛེས་བའི་མི་སྣར་འགྱུར་སྲིད་ལ། མི་རྣམས་ཀྱིས་གོང་བཀུར་ཡང་ཐོབ་སྲིད། དེར་བརྟེན། སློབ་གྲོགས་རྣམས་ཀྱིས་ཀུན་སྤྱོད་གསོ་སྐྱོང་བྱ་རྒྱུ་གལ་ཆེ་སྟེ། ཀུན་སྤྱོད་མི་ལེགས་ཚེ་ཁྱེད་སློབ་སྦྱོང་ལ་ཅི་འདྲ་བཟང་རུང་དེའི་ནུས་བ་ཐོན་མི་སྲིད་པས།ང་ཚོས་དེ་རིང་ནས་བཟུང་རང་ཉིད་ནས་མགོ་བཙུགས་ཏེ། མཛེས་བ་ངོ་མ་སྟེ་ཀུན་སྤྱོད་ལེགས་པོ་ཞིག་གསོ་སྐྱོང་བྱས་ནས་གཞན་གྱི་དམིགས་དཔེ་ལྟ་ས་ཞིག་ཏུ་འགྱུར་ཐུབ་པ་བྱེད་དགོས།