ངའི་འཚོ་བའི་ཁྲོད་ཀྱི་བདེན་ཁ་འཚོལ་བའི་ཁྱེད། བདེ་སྐྱིད་སྒྲོལ་མ།

རྩོམ་པ་པོ།: 2014-06-02
ངའི་འཚོ་བའི་ཁྲོད་ཀྱི་བདེན་ཁ་འཚོལ་བའི་ཁྱེད།
འཛིན་གྲྭ མཐོ་གཉིས་འཛིན་བཞི།
རུས་མིང་། བདེ་སྐྱིད་སྒྲོལ་མ།
      མི་ཚོགས་ཀྱི་འདུ་འཛིའི་ཁྲོད་ནས་ཁྱེད་རང་མགོ་བོ་དུད་ནས་འགྲོ་བཞིན་འདུག  ཁྱེད་ཀྱི་ལྷད་མ་འདྲེས་བའི་གཤིས་སྤྱོད་གཙང་མ་དེ་མི་རེ་རེ་ཡི་ཡིད་དབང་འང་ཁྱེད་རང་གྱུར།ངས་ཡིད་ཀྱི་དྭངས་མ་ཁྱེད་ཀྱི་ཕྱོགས་སུ་བསྲིངས་ཡོད། རྒྱུ་མཚན་ནི་ཁྱེད་ཀྱི་དྲི་མས་མ་གོས་བའི་ཀུན་སྤྱོད་དང་བྱམས་བརྩེ་ཡི་དྲོད་ཁོལ་དེ་ངའི་འཇིག་རྟེན་ཆུང་ཆུང་འདིར་འཕྲོས་པས།ངས་མི་ཚེ་ཡི་དམིགས་འདུན་རྙེད་ལ་འཚོ་བའི་ཁ་ཕྱོགས་རྙེད།སྤྱིར་མི་ཞིག་གིས་ཚང་མར་འདྲ་མཉམ་གྱི་ལྟ་པ་བཟུང་ན་མཆོག་ཏུ་གྱུར་མོད།ཡིན་ཡང་ངས་དེ་གཏན་ནས་དེ་ལྟར་བྱེད་མི་ཐུབ་གི  ངའི་ཡ་ཁོག་གི་སེམས་པ་དམར་བོ་ཁྱེད་ལ་འཁོར་ལ་སྙན་ངག་གི་སྨྱུག་རྩེ་ཡིས་ཁྱེད་རང་བཞེངས་ན་འདོད།ཁྱེད་ཀྱི་ཚེམས་ཀྱི་འོད་ཟེར་དེ་ནམ་རྒྱུན་འཛུམ་མདངས་ངོ་མ་ཞིག་ཁྱེར་ནས་ངེད་ཅག་གི་མིག་མདུན་དུ་མངོན་དུས་ངེད་ཅག་གམ་ཡང་ན་ང་ལ་སྨྲ་མི་ཤེས་པའི་སྤྲོ་སྣང་ཞིག་སྟེར་བ་རེད། དེ་བས་ཅོལ་ཆུང་གི་སློབ་བུ་ང་ཁྱེད་ཀྱི་དྭངས་གཙང་གི་རང་གཤིས་དེ་ལ་དགའ།
      ནམ་རྒྱུན་གྱི་འཚོ་བའི་ཁྲོད་ནས་བལྟས་ཚོད་ཙམ་གྱིས་ང་རང་མི་རྣལ་མ་ཞིག་གི་ཚུལ་དུ་འགྲོ་བཞིན་མོད།ཡིན་ཡང་ང་ལ་དགའ་སྐྱོ་ཆགས་སྡང་གི་འཇིག་པ་ལོས་ཡོད།འོན་ཀྱང་།ཁྱེད་རང་ངའི་འཚོ་བའི་ཁྲོད་འམ་མིག་འདུན་དུ་མངོན་ཐེངས་རེར་ངས་དེ་ཚང་མའི་ཁྲོད་ཀྱི་འོད་སྣང་མཐོང་བས་ཇི་སྲིད་བར་དུ་བདེ་བས་ཁྱབ།ངོ་མ་ཡིན་ཏེ།ང་རང་སྐར་ཚོགས་ཀྱི་དབུས་ནས་འོབ་སྣང་དང་མཉམ་དུ་རྩེད་དུས།ངས་ཁྱེད་ནི་ངའི་འོད་སྣང་གི་གཞི་མ་རེད་འདོད།མཚམས་ལན་རེར།སྡུག་བསྔལ་གྱི་དམུ་རྒོད་ཀྱིས་ང་ལ་མནར་གཅོད་གཏོང་སྐབས་སུ་ཁྱེད་ཀྱི་དགོང་གི་འཛུམ་དང་གསུངས་དབྱངས་སྙན་མོ་ཞིག་གིས་ང་ལ་སྤྲོ་སྐྱིད་ཀྱི་གར་སྟེགས་བསྐྲུན།ང་རང་གང་ཡིན་འདི་ཡིན་མི་ཤེས་པར་ཆགས་པའི་ཁོར་ཡུག་ནས་སྟོང་འདང་ཞིག་གི་གནས་ན་སྡོད་སྐབས་ཁྱེད་ཀྱི་སློབ་གསོ་ཡི་ཆབ་རྒྱུན་ངའི་ཀླད་ཞོ་དང་འདྲེས་པས།ང་རང་མགོ་འཐོམས་ལས་དྭངས་གསལ་དུ་གྱུར།ཡང་ལན་རེར་ངས་ཞེ་སྡང་གི་མཚོན་ཆ་སེམས་ལ་བཅུག་ནས་ལྐོག་ཏུ་གཞན་ལ་བསྣུན་གྲབས་བྱེད་སྐབས་ཁྱེད་ཀྱི་བྱམས་བརྩེ་ཡི་མིག་ཟུང་ཅིག་གིས་ངའི་ཞེ་སྡང་གི་ལག་རིང་དུམ་བུར་བཅད་འགྲོ།འདི་ལྟར་ཁྱེད་རང་ངའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར།
      འདི་ལྟར་ལོ་ཟླ་ཡི་འཁོར་སྐྱོད་ཁྲོད་དུ་ཁྱེད་དང་ང་གཉིས་བྲལ་མ་མྱོང་མོད།ཁྱེད་རང་ཉིད་འགར་མཐོང་རྒྱུ་མ་བྱུང་།སྐབས་དེར་ངའི་སྣང་བ་ནི་སྟོང་སིང་སིང་ཞིག་དང་ངའི་ཚོར་བ་ནི་ངལ་དུབ་རང་རེད།ངས་མྱུར་དུ་ཁྱེད་རང་མཐོང་འདོད་ལ།བཅོས་མིན་གྱི་འཛུམ་མདངས་དེ་ལྷག་པར་དུ་མཐོང་འདོད།གང་ལྟར་ཁྱེད་རང་མ་མཐོང་ན་ངའི་ཉིན་རེ་རེའི་འཚོ་བ་ནི་ངོ་མ་ཕར་ལ་བསྐྱལ་དཀའ་བ་ཞིག་རེད།དུས་དེར།ངས་ཁྱེད་ནི་ངའི་ཡིད་སྨོན་བྱེད་ས་དང་ཆེས་གུས་བཀུར་བྱེད་ས་དེ་ཡིན་པ་ཚོར།སྐབས་དེར་རླུང་བུ་ཞིག་གི་རྒྱུ་ཕྱོགས་ཀྱིས་ཁྱེད་དང་ང་ཡི་ལོ་ཟླ་དེ་མི་རིང་བ་རྟོགས།ངས་ངུ་འདོད་པའི་སྡུག་བསྔལ་ཐམས་ཅད་ཁོག་ལ་བཅུག་སྟེ་ཁ་རོག་གེར་སློབ་ཁང་གི་གྲུ་ཟུར་ཞིག་ནས་སྟོང་འདང་གི་ཁམས་ལ་འཁོར།ངས་ངེད་གཉིས་ཀྱི་ཐུང་ཐུང་གི་དུས་ཡུན་ལ་གཅེས་སྤྲས་བྱེད་བཞིན་རང་ནུས་ཡོད་རྒུས་སེམས་ཀྱི་འགྱུར་བ་ཚང་མ་དེ་ལ་ཁག་དཀྲུ་བཞིན་བརྩོན་བྱེད་བཞིན་མཆིས།
      གང་ལྟར་བྲལ་བ་ནི་ཆོས་ཉིད་ཡིན་མོད།ཡིན་ཡང་འཛོམས་པའི་བསྐལ་བ་ཡོད་པའང་ཆོས་ཉིད་ཡིན།དེ་བས་ངས་ང་རང་གི་དམ་ཚིག་སྲུང་ནས་རྒྱང་དུ་བསྲིངས་བའི་ལམ་ཀྱི་བདེན་པ་འཚོལ་བཞིན་རང་གི་དམིགས་བྱ་ལ་བསྙེག་འགྲོ།ངས་ཁྱེད་རང་ངེད་གཉིས་ཀྱི་དགེ་སློབ་ཀྱི་འབྲེལ་བ་ཆགས་པ་མི་ཚེ་ཡི་མཛེས་སྡུག་ཞིག་ཏུ་སྒོམ་ཡོད།དེ་བས་དྲང་བདེན་གྱི་ལམ་ལ་བསྙེག་པའི་ངའི་སེམས་ཀྱི་སྐྱེས་མཆོག་དམ་པ་ལགས།མུན་ནག་གི་འཇིགས་ཡུལ་དེ་ནས་ཁྱེད་ཀྱིས་ང་ལ་དྲོད་ཀྱི་འོད་སྣང་སྦྱིན་པར་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཞུའོ།སློབ་བུ་ངས་དུས་གཏན་དུ་ཁྱེད་ཀྱི་བདེན་ཁ་འཚོལ་འཚོ་བའི་ཁ་ཕྱོགས་ལ་ཡི་རིང་བྱེད་ཀྱི་ཡོད།