དྲན་གདུང་གི་སྐྱོ་བ། བཀྲ་ཤིས་འཚོ།

རྩོམ་པ་པོ།: 2014-06-02
དྲན་གདུང་གི་སྐྱོ་བ།
           འདས་ཟིན་པའི་ཕུ་བོ་ལ།
འཛིན་གྲྭ མཐོ་གཉིས་འཛིན་བཞི།
རུས་མིང་། བཀྲ་ཤིས་འཚོ།
      ཤེས་བྱའི་སྐྱེད་ཚལ་གྱི་ལྡིང་ཁང་ན་འོད་དུ་འཚེར་བཞིན།
      མ་འོངས་མི་རིགས་ཀྱི་བདེ་སྡུག་སེམས་སུ་ཉར་ཞིང་།
      དྲིན་ཕ་མའི་བདེ་སྡུག་ཕྲག་ཏུ་ལེན་པའི།
      ངའི་སེམས་ཁོང་གི་ཐོ་རེངས་སྐར་ཆེན།
      སྤྲིན་ནག་པོའི་འཇབ་རྒོལ་ཁྲོད་ནས་རང་གཟུགས་ཉམས།
      ཀྱེ་མ། ཀྱི་ཧུད།
      ངའི་སེམས་ཁོང་གི་ཐོ་རེངས་སྐར་ཆེན།
      ཁྱེད་བཞུད་ཤུལ་གྱི་དམར་ཆུང་སེམས་པ་དེ་གྲང་ཤུར་ཤུར།
      ནམ་ཡང་དྲོད་ཁོལ་དབེན།
      ཁྱེད་བཞུད་ཤུལ་གྱི་འཇིག་རྟེན་དེ་འཇམ་ཐིང་ངེ།
      ནམ་ཡང་དགོད་སྒྲ་དབེན།
      ཁྱེད་བཞུད་ཤུལ་གྱི་འོབས་ཀླུང་ཆེན་པོ་དེ་སུ་ཞིག་གིས་སུབ་ཐུབ།
      ཁྱེད་བཞུད་ཤུལ་གྱི་རྨ་ཁ་ཆེན་པོ་དེ་སུ་ཞིག་གིས་གསོ་ཐུབ།
      ཨེ་མ། སེམས་ཀྱི་སྐར་ཆེན་ལགས།
      བདག་གིས་ཁྱེད་ཀྱི་འོད་དུ་འཚེར་བཞིན་པའི་གཟི་མདངས་དེ་དྲན་ལ།
      བདག་གིས་ཁྱེད་ཀྱི་ཐུ་འོག་ནས་བྱུང་བའི་རང་གཤིས་དྲན།
      ངའི་སེམས་ཁོང་གི་ཕུ་བོ་ལགས། ཁྱེད་ཉིད་ཕྱིར་ཕེབས་ཤོག།
      ཁྱེད་མེད་ན་མི་ཆོག
      ངའི་འཚོ་བ་ལ་ཁ་དོག་ཡལ་འགྲོ།
      ཁྱེད་མེད་ན་མི་ཉན་ཉམ་ཆུང་གི་བུ་མོ་སྙིང་རེ་རྗེ།
      ཁྱེད་ཉིད་དྲན་ཐེངས་རེ་ལ་མིག་ཟུང་མཆི་མས་བརླན།
      ངའི་སེམས་ཁོང་གི་ཐོ་རེངས་སྐར་ཆེན།
      ཁྱེད་ཉིད་ཀྱི་རྣམ་ཤེས་བདེ་བ་ཅན་དུ་སྐྱེས་བར་སྨོན།
      བརྩེ་བའི་བདག་ཉིད་ཕུ་བོ་ལགས།