དྲན་གདུང་ཐེངས་ཤིག ཚེ་རིང་བཀྲ་ཤིས།

རྩོམ་པ་པོ།: 2014-06-02

ཚེ་རིང་བཀྲ་ཤིས།

འཛིན་གྲྭ མཐོ་གཉིས་འཛིན་བཞི།
རུས་མིང་། ཚེ་རིང་བཀྲ་ཤིས།
      དུས་ཚོད་དང་སྐར་ཆ། ལོ་ཟླ་མང་བོའི་ལྕེབ་ཐག་གིས་ང་ཚོའི་དུང་ཞེན་གྱི་མེ་ལྕེ་མཆེད་པའི་འདུ་འཛོམས་ཀྱི་དགོད་སྒྲ་ལ་གྱེས་བྲལ་གྱི་ན་ཟུག་ལྷུང་བ་ནས་བཟུང་། བདག་ལ་མདུན་སྐྱོད་ཀྱི་ལམ་ཆེན་སྟེང་རྐང་རྗེས་ནག་པོའི་མི་རབས་ཤིག་གི་རྨ་ཁ་དེ་གཏོད་སོང་ལ། ཁེར་རྐྱང་དང་འདུ་འཛི་ཁྲོད་ནས་ངུ་ངག་གི་སྐྱོ་ངལ་ཚ་བོ་ཞིག་ཁོག་ལ་བཅུག་ཏེ་བགྲང་བྱ་གསུམ་བདའ།འདི་ནི་ཁྱོད་ཀྱིས་དྲན་གདུང་གིས་མནར་བའི་མི་བུ་ང་ལ་བཞག་པའི་གནོན་ཐབས་བྲལ་བའི་འཕག་འཚག་རྒྱག་བཞིན་པའི་མེ་ཏོག་གཅིག་གི་སྣང་བརྙན་ལས་ཅི་ཡང་མ་ལྷགས།སྐབས་འདི་ཙམ་གཡུ་སྦྲང་གཞོན་ནུ་ཞིག་གི་འཕུར་སྟངས་རེད། དེ་བས།བརྩེ་སེམས་ཀྱི་དགུ་མདུད་རྒྱག་པའི་བདག་གི་གྲོགས་པོ་དུང་ཟླ་དཀར་པོར་འཕྲེང་བ་ཅི་ཞིག་གི་ཆེད་དུ་ཆས་སོང་།།
      སྟོང་སང་སིང་གི་འཇིག་རྟེན་གྲུ་ཟུར་ན།བླུན་རྨོངས་ལ་ཚུད་པའི་བདག་གིས་གོ་ཐོས་སུ།ཁྱོད་རང་སྐྱེ་འཆི་མ་རྫོགས་པའི་འཁོར་བ་ཞིག་གི་མནར་གཅོད་དང་གྲང་རླུང་འཚུབ་པའི་ས་ཆེན་གྱི་ཧྲག་བར་ནས།ཐོབ་དགོས་པ་ཅི་ཞིག་གི་སླད་དུ།མཐོ་སྒང་གི་འཇིགས་སྐྲག་ལ་གདོང་གཏད་དེ།བྲེལ་འཚུབ་ཆེ་བའི་རི་སྤྱང་བཞིན།དཔལ་འབྱོར་དང་འཚོ་བའི་མི་ཚེ་དོན་དུ།གཡང་ཁྱིམ་གྱི་ཁུགས་སོ་དེ་ན་སྒོ་ཕྱུགས་ཀྱི་རྗེས་སུ་སྙེག་སྐད་འདུག  འདི་ལས་རྟོགས་སད་ཀྱི་གོམ་འགྲོས་ལ་འཁྱོལ་བའི་བདག་གི་སྦུག་ལམ་དུ་སྐྱི་གཡའ་བར་གྱུར།འདི་ནི་ཁྱོད་ཀྱི་མི་ཚེ་ཞིག་གི་བམ་བརླིང་གི་རྟག་བརྟན་རྣོན་པོ་ཞིག་གམ།བདག་གི་དྲན་ཀློང་ལ་ཚ་བེར་བེར་གྱི་ཚོར་འདུ་གསོན་པོ་ཞིག་གིས་དྲན་གདུང་ལ་བྱུགས་པ་མ་གཏོགས་ཅི་ཡང་མ་ལྷགས།ཅི་ཡང་མ་ལྷགས།
      གྲོགས་པོ་ལགས།སོམས་དང་།རི་རབ་དང་གཙང་ཆེན་གྱིས་ང་ཚོའི་བར་ཐག་བཅད་ཀྱང་།དུས་རབས་ཀྱི་ཚན་རྩལ་མོད་པོས་འབྲེལ་མཐུད་རེ་བྱས་དང་།ང་ཚོ་ལ་ནམ་ཡང་བརྩེ་སེམས་ཀྱི་ས་བོན་ཞིག་གནས་ངེས།དེའི་ཕྱིར་དོ་དགོང་བདག་གིས་ནག་ནོག་གི་དྲི་མས་མ་སྦགས་པའི་ཟླ་འོད་བལྟ་བཞིན།དུང་ཟླ་དཀར་པོ་ཁྱེད་ཀྱི་གདམ་ཀ་དེ་ནི་དུས་རབས་ལ་གཏན་ནས་མཛའ།ད་དུང་།དུས་རབས་ན་གཞོན་འཚང་ཁ་ཤིག་ཤིག་གིས་ཧི་མ་ལའི་མདུན་ཕྱོགས་སུ་གོམས་ཁ་གཅིག་ཏུ་སྦྲེལ་འདུག   བྱ་བཞག་གི་སྨག་རིམ་གྱིས་བཟུང་བའི་འོད་ཟེར་འཚོལ་བར་འགྲོ་མཁན་ཚོའི་སེམས་པ་ཨ་ལོང་ལས་སྦྲེལ་འདུག   འདི་ནི་དྲན་གདུང་ལ་མནར་བའི་བདག་གིས་ཁྱོད་ཕྱོགས་སུ་འགྱོད་གདུང་ཐེངས་ཤིག་གི་ཟིན་ཐོ་ཡིན། ད་དུང་། དྭངས་གཙང་གི་དགོད་སྒྲ་ལས་འཁྲུངས་བའི་ང་ཚོ་ནི་ནམ་ཡང་གངས་རི་ལྟ་བུ་སེམས་པ་གཅིག་མཐུན་ཡོད་དགོས། གྲོགས་པོ་ལགས།