གནམ་ས་འདྲེས་མཚམས། མགོན་པོ་བཀྲ་ཤིས།

རྩོམ་པ་པོ།: 2014-06-02

མགོན་པོ་བཀྲ་ཤིས།

འཛིན་གྲྭ མཐོ་གཉིས་འཛིན་བཞི།
རུས་མིང་། མགོན་པོ་བཀྲ་ཤིས།
      སྟོན་པ་ཤཱཀྱ་ཐུབ་པས་སངས་རྒྱས་ཆོས་ལུགས་ཀྱི་སྲོལ་གཏོད་པ་དང་།སློབ་དཔོན་ཐོན་མིའི་རང་རེའི་ཁ་བའི་ལྗོངས་འདིར་ཤེས་རིག་གི་སྒྲོན་མེ་སྤར་བ་ནས་བཟུང་། རང་རེའི་ཁ་བའི་ལྗོངས་འདིར་རིག་གཞུང་རྒྱ་མཚོའི་ཆུ་གཏེར་ཐོལ་གྱིས་བརྡོལ།མཁས་དབང་ཉ་མོའི་ཚོགས་བཞིན་ཡུན་གྱིས་འཁོར་། བཀའ་ཆོས་པོ་ཏི་མང་བོ་བྲག་རི་བཞིན་བརྩིགས། གཤིས་བཟང་བོད་མིའི་རང་གཤིས་ཡུན་གྱིས་གྲུབ། ཁ་བའི་ལྗོངས་ཞེས་གྲགས་པ་སྲིད་ན་མཛེས།
      འོན་ཀྱང་། དབྱར་དགུན་སྟོན་དཔྱིད་ཀྱི་འགྱུར་བ་དང་ལོ་ཟླ་རིང་མོའི་འཁོར་སྐྱོད་བརྒྱུད་ནས་ང་ཚོ་དུས་རབས་གསར་བ་ཞིག་གི་སྒོ་ཐེམ་ལ་ཡུན་གྱིས་འཇགས་པར་བྱས་པ་དང་། གནད་དོན་ཀྱང་གསར་བ་ལ་བསམ་གཞིག་མི་བྱེད་ཀ་མེད་དུ་གྱུར་ཡོད། དེ་ནི་མི་རྣམས་ཀྱིས་གནམ་ཤེས་ཡོན་དང་ས་ཀུན་སྤྱོད་རུ་འཛིན་པའི་ཚུལ་ཏེ། ནམ་མཁའི་ཁང་བཟང་དུ་བསྐྱོད་ནས་ཤེས་བྱ་དང་ཡོན་ཏན་གྱིས་ཡོད་ཚད་མཚོན་ཞིང་། ཡོད་ཚད་ལ་ཁག་ཐེག་བྱེད་པ་དང་། སྒེར་སེམས་དང་འགྲན་རྩོད་ཐལ་དྲག་པའི་ངང་འཚོ་ཐབས་ལ་རེ་སྙེག་བྱེད་རྒྱུ་དེ་དང་། ས་སྟེང་གི་སྦྲ་ནག་དང་ཕྱུགས་རིགས་དཀར་ནག་ཡོད་ཚད་དུ་སྒོམ་ནས་ཆོག་ཤེས་ཆེན་པོས་ཡིག་དྲུག་གི་དབྱངས་རྟ་དེ་འགྲོ་བ་རིགས་དྲུག་གི་སྐྱིད་སྡུག་དོན་དུ་གྱེར་ནས་འཚོ་ཐབས་ལ་བྱེད་འདོད་པའི་བསམ་པ་དེ་གཉིས་ཡིན།
      ཡིན་ཡང་། ཉི་མ་ཡུན་གྱིས་ནུབ་རིར་འཕགས་པའི་དབང་གིས།ངས་དེ་རིང་གི་གནད་དོན་དེ་དོ་དགོང་གི་རྨི་ལམ་དུ་ཁྱེར། རྨི་ལམ་དུ་ང་རང་ཧི་མ་ལའི་རི་མགོ་རུ་འགྲེངས་ནས་ཡོད་ཚད་ལ་རྒྱང་བལྟ་དང་བསམ་གཞིག་བྱེད་དུས།ངས་ང་རང་ཉིད་གནམ་ས་འདིའི་བར་དུ་ཆ་རྡུལ་དང་མ་རྡུལ་བཞིན་ཧ་ཅང་ཉམ་ཆུང་ངུ་བའི་སྣང་བ་ཚོར།དེ་བས་ངས་ད་དུང་ཟླ་བའི་ཐོག་གི་ཁང་བཟང་དེའི་སྒོ་འགྲམ་ནས་གྱེར་བའི་ཡིག་དྲུག་གི་དབྱངས་རྟའང་ཡུན་གྱིས་མོག་མོག་དུ་སྣང་བར་གྱུར།
      གློ་བུར་དུ་ཅོང་སྒྲ་ཆེན་པོ་ཞིག་གིས་ང་རང་རྨི་ལམ་གྱི་ཞིང་ཁམས་ནས་ཡོངས་སུ་དཀྲོགས་པ་དང་།ང་རང་རྒྱུན་ལྡན་ལྟར་ལམ་ལས་ལངས་ཏེ་མཚར་འཛིན་གྱི་བསམ་བློ་ཞིག་ཁྱེར་ནས་མདང་དགོང་གི་རྨི་ལམ་ལ་བསམ་གཞིགས་བྱེད་བཞིན་རྩལ་སྦྱོང་དུ་ཕྱིན། ཇ་ཡུན་ཙམ་ཞིག་འགོར་བ་མ་ཐག་དུ་ང་རང་ངའི་མིག་མདུན་དུ་འཆར་བའི་གཟུགས་ལྗོངས་འདིས་ཧད་དུ་བརྩོན། གློ་བུར་དུ་མདང་དགོང་རྨི་ལམ་ནང་དུ་གཏོར་བརླག་ཐེབས་ཟིན་པའི་ཁང་བཟང་དེ་མ་གཞིར་གནས་འདིར་དེ་བས་ཀྱང་བརྗིད་རྔམ་ལྡན་པའི་ངང་ནས་གསར་དུ་བསྐྲུན་འདུག་ལ།དེའི་ཐོག་བརྩེགས་ཀྱི་ཚད་དང་གྲངས་འབོར་སོགས་ཕྱོགས་གང་ཐད་ནས་བལྟས་ཀྱང་སྔོན་ལས་ལྷག་པའི་བཀོལ་སྤྱོད་ནུས་པ་འདོན་བཞིན་པ་དང་། སྔོན་ལས་ལྷག་པའི་ཐུན་མོང་གི་ཁེ་ཕན་ཞིག་ལ་འཚོལ་སྙེག་བྱེད་བཞིན་པ་གསལ་བོར་རྟོགས་ཐུབ།དེ་བས་ཀྱང་ཡ་མཚན་པ་ཞིག་པ་ཞིག་ལ་གྲོང་ཁྱེར་འདིའི་ཐག་མི་རིང་བའི་ས་ན་མཉམ་དུ་གནས་པའི་སྦྲ་ནག་དང་ལུག་ཁྱུ། དེ་མིན་སྔོན་གྱི་ཡིག་དྲུག་ཁོ་ན་དབྱངས་སུ་གྱེར་མཁས་པའི་དར་མ་དེ་ཡང་ད་ལྟ་སྡེ་དཔོན་དུ་འདེམ་ཡོད་པ་དང་།ད་ལྟ་ཁོས་ཡུམ་དང་བསྟོད་སྨོན་ཕྱོགས་སྒྲིག་སོགས་ཆོས་དཔེ་མང་པོ་ཀློག་བྱེད་ཤེས་འདུག་པ་མ་ཟད། ད་དུང་ཁང་བཟང་གི་ལས་བྱེད་མི་སྣ་དང་མཉམ་འབྲེལ་གྱིས་ཆོས་དཔེ་ཤེས་འདུག་པ་མ་ཟད། ད་དུང་ཁང་བཟང་ནང་གི་ལས་བྱེད་མི་སྣ་དང་ཉམས་འབྲེལ་གྱིས་ཆོས་དཔེ་མང་བོ་པར་འདེབས་དང་དངོས་སུ་བཀོལ་ནས་ཟས་རིན་འབའ་ཞིག་ཐོབ་ཐབས་བྱེད་ཀྱང་།ལྷག་པར་དུ་འཛིན་མའི་ཁྱོན་འདིར་རྣམ་དཀར་དགེ་བའི་སྦྲང་ཆར་གྱི་དངོས་གྲུབ་བསྩལ་བས་རིག་དྲུག་ལྗང་མྱུག་གི་སྐྱེ་སྟོབས་ལ་འོད་སྣང་སྦྱིན་ལ་འཆམ་མཐུན་དང་ཡར་ཐོན་ལྡན་པའི་འཇིག་རྟེན་ཞིག་གསར་བ་སྐྲུན།
      ཡུན་གྱིས་ངས་མིག་ཟུང་རྒྱང་དུ་ཅེར་བ་དང་མཉམ་དུ་ངས་བསམ་གཞིག་གི་གྱི་ལིང་དེ་བཅིབས་ནས་ལེ་བར་སྟོང་ཕྲག་ཆོད་པའི་རང་རའི་ཁ་བའི་ལྗོངས་ཀྱི་ཡུལ་གྲུ་སོ་སོར་བང་གིས་བརྒྱུགས་པས།དྭངས་གཙང་གི་ཆབ།སྔོ་ལྗང་གི་རྩྭ་ཐང་། སྔོ་ཞིང་བསང་བའི་མཁའ་སོགས་རང་བྱུང་གི་བཀོད་པ་དང་། ལས་རྒྱུ་འབྲས་དང་བྱམས་སྙིང་གཞན་ཕན་གྱི་ལྷག་བསམ་གྱིས་ཕྱུག་པའི་ནང་བཅུད་ཀྱི་སེམས་སོགས་ཡོད་ཚད་གནས་འདིར་ཞི་བདེ་དང་འཆམ་མཐུན་ཡར་ཐོན་གྱི་ངང་ནས་འཚོ་གནས་བྱེད་བཞིན་མཆིས།མཐར་ངས་གྱི་ལིང་གི་བང་ཁ་གངས་དཀར་ཏི་སའི་ཡང་རྩེ་གཤིབས་ཏེ། འཛིན་མའི་ཁྱོན་རྒྱང་ལྟ་ཞིག་བྱེད་དུས་ངས་སླར་ཡང་མི་རྣམས་ཀྱི་བོར་ཟིན་པའི་གནམ་ས་འདྲེས་མཚམས་དེ་གསར་དུ་རྙེད་ལ། མི་རྣམས་ཀྱིས་རེ་སྨོན་ཀྱིས་བྱེད་སའི་ཤམ་བྷ་ལའི་དག་ཞིང་དེ་གསར་དུ་རྙེད།