ཁེར་བཞུད་ཀྱི་བརྩེ་བའི་བཤུལ་ལམ། པད་མ་བཀྲ་ཤིས།

རྩོམ་པ་པོ།: 2014-06-02

པད་མ་བཀྲ་ཤིས།

འཛིན་གྲྭ མཐོ་གཉིས་འཛིན་བཞི།
རུས་མིང་། པད་མ་བཀྲ་ཤིས།
      གདོད་མའི་དུས་ནས་བཟུང་བརྒྱུད་མྱོང་བའི་ཆེས་ཐོག་མའི་དུས་ཀྱི་རོལ་དབྱངས་སྙན་མོ་ཞིག་གི་འགྱུར་ཁུགས་དང་འགྲོགས་ནས།མི་ཚེ་ཞིག་གི་སྒྱུ་མའི་གར་སྟེགས་ཁྲོད་རང་ཉིད་ལ་དབང་བའི་དགའ་སྐྱོ་འདྲེས་མའི་རྣམ་ཐར་ཞིག་འཁྲབ་འགོ་ཚུགས།བྱམས་བརྩེ་ཡི་རྣམ་སྤྲུལ་ལས་མཆེད་པའི་མཛེས་ཞིང་སྙན་འཇེབས་ལྡན་པའི་རོལ་དབྱངས་དུམ་བུ་ཞིག་གིས་ངའི་ལུས་སྟེང་ན་བཞུར་བཞིན་པའི་ཟུངས་ཁྲག་དེར་འདུ་ཤེས་གསར་བ་ཞིག་གི་སྟོབས་ཤུགས་བསྩལ།དུས་དེ་ནས་བཟུང་ཁྱེད་ཀྱིས་ངའི་ལུས་སྟེང་གི་ཤ་གསེང་རུས་དབར་དག་ལ་བརྩེ་བའི་བཞུར་རྒྱུན་དྭངས་མོ་ཞིག་གི་སྣེ་དྲངས་ཞིང་བརྩེ་བའི་ས་བོན་རྣལ་མ་ཞིག་བཏབ་བྱུང་ལ།ངའི་ཡ་ཁོག་གི་སྙིང་ཆུང་ལ་འཇིག་རྟེན་ཤེས་རྟོགས་བྱེད་ཅིང་ཡ་མཚན་སྐྱེ་བའི་བྱིས་བློ་དྭངས་མ་ཞིག་གི་དམ་བཅའ་ཡི་གེ་འཁོད་ཅིང་ལྷད་མེད་ཀྱི་བརྩེ་བའི་ཐམ་ག་མནན་བྱུང་།
      ཏག་ཏག་སྐབས་དེ་ནས་བཟུང་།ངས་འཇིག་རྟེན་གྱི་འཚོ་བའི་གྲུ་ཟུར་རེ་རེ་ནས་མ་ཤེས་ཀློང་ལ་དཔུང་བསྐྱོད་བྱེད་པའི་གོམ་འགྲོས་དེ་མཚམས་བཞག་མ་མྱོང་ལ་བརྩེ་བའི་འཇིག་རྟེན་གྱི་ཡ་གྱལ་རེ་རེ་ནས་ཆེས་ཐོག་མའི་བརྩེ་བའི་ས་བོན་གཏོར་བའི་བྱ་བཞག་དེའི་སྒྲུབ་མཚམས་ཡང་བཞག་མ་མྱོང་།ཐོག་མའི་ཉིད་ནས་བཟུང་ཁྱེད་གཉིས་ནི་ངའི་བྱིས་བློ་དྭངས་མའི་མཁའ་ན་འཆར་བའི་ཉི་ཟླ་ཟུང་དེ་ཡིན་ལ།ང་ལ་བྱམས་བརྩེ་ཡི་དངོས་གྲུབ་སྩོལ་བའི་བྱམས་པའི་ཐུགས་མགོན་དེ་འམ་།ཡང་ན་ངའི་ཤེས་རྟོགས་ཀྱི་མཚོ་མོའི་མཁའ་རུ་འཕྱུར་བཞིན་པའི་ཆེས་བཀྲགས་མདངས་འཚེར་བའི་ཟེགས་མ་ཟུང་དེ་ཡིན་སྲིད་དོ།།
      དབྱར་དགུན་སྟོན་དཔྱིད་ཀྱི་འགྱུར་ལྡོག་དང་འགྲོགས་ནས།དུས་ཀྱི་འཁོར་ལོའི་རང་བཞིན་གྱི་ཁྲོད་ནས།ང་ཆེས་ཐོག་མའི་དངོས་གྲུབ་དང་དཔུང་བ་མཉམ་གཤིབ་ཀྱི་སྒོ་ནས་སྤྱི་ཚོགས་འཚོ་བའི་དགའ་སྐྱོ་འདྲེས་མའི་ཟློས་གར་འཁྲབ་ཚན་རེ་རེར་ཞུགས།འཁྲབ་བྱའི་ལེ་ཚན་རེ་རེ་དང་།ལེའུ་རེ་རེ།སྒྲིབ་ཡོལ་རེ་རེ་ནས་རང་སེམས་ཀྱི་བརྩེ་བའི་དྲོད་ཁོལ་དེའི་དྲོད་ཚད་ཀྱང་འཚོ་བའི་ཡང་སྙིང་གི་འགྱུར་ལྡོག་རེ་རེར་བསྟུན་ནས་འགྱུར་འགྲོ་ལ།ཐོག་མཐའ་བར་གསུམ་གྱི་བརྩེ་བའི་ཟེགས་མའི་འཕྱོ་རྒྱུན་དེ་ཡང་སྐབས་དེ་དང་བསྟུན་ནས་བྲེལ་འཚུབ་དང་ཛ་དྲག་ནས་འཇགས་གེར་དང་གཏན་འཇགས་སུ་འགྱུར་འགྲོ་བ་ཡང་ངས་ཚོར་མྱོང་།
      སྔོན་ཆད།མུན་ནག་དང་ལྷིང་འཇགས་ཀྱིས་བརྒྱན་པའི་མཚན་མོ་གང་མང་ཞིག་ལ་ངས་བརྩེ་བའི་སྐོར་གྱི་དཔེ་ཆ་གང་མང་ཞིག་ཀློག་བཞིན་རྩོམ་པ་པོ་དག་དང་མཉམ་དུ་མཚར་ཉམས་ཀྱིས་ཕྱུག་པའི་སྒྲུང་གཏམ་ནང་གི་མི་སྣའི་ནང་སེམས་ཀྱི་འཇིག་རྟེན་དེ་ཉུལ་མྱོང་།དེ་ནས་བཟུང་ངས་ཁེར་རྐྱང་དུ་བཞུད་པའི་ཕྱི་གོས་ཞིག་བཀླུབས་བཞིན་སློང་མོ་བ་ཞིག་གི་ཚུལ་དུ།མཚན་མོའི་ཟླ་འོད་དང་བསྡེབས་སྟེ།འཚོ་བའི་ཡང་སྙིང་གང་མང་ཞིག་ལ་སེམས་པ་ཤོར།ཆེས་ཐོག་མའི་བརྩེ་བའི་ཐམ་གའི་ཡི་གེ་དེ་ཀློག་བཞིན་དངོས་དང་མི་མཐུན་པའི་རྨི་ལམ་གང་མང་ཞིག་རྨིས་མྱོང་ལ།རང་ཉིད་ཀྱི་ནང་སེམས་ཀྱི་བརྩེ་བའི་འཇིག་རྟེན་ལ་ཐེངས་མང་བོ་ཉུལ་མྱོང་།ཡིན་ནའང་།འཚོ་བའི་ཁྲོད་ཀྱི་དགའ་སྐྱོ་འདྲེས་མའི་ངོ་བོ་དང་བསྡུར་ན།དེ་ནི་དེ་འདྲའི་ཆ་མི་མཐུན་ཞིང་ཇི་འདྲའི་རྫུན་གྱི་བསླུས་ཡོད་པ་ཞིག་རེད་ཨང་།
      མི་ལོ་བཅོ་བརྒྱད་ཀྱི་སྒོ་ཐེམ་འགྲིམས་བཞིན།རིག་གཞུང་གི་བདུད་བརྩི་བསགས་པ་དང་ལྷན་དུ།ངས་ཁྱེད་ཀྱིས་བརྩེ་བའི་ཡང་སྙིང་དེ་རྟོགས་ལ།བརྩེ་བའི་བདེན་དོན་དེ་རྟོགས།ངས་ཁྱེད་ཀྱི་བཞུད་ལམ་གྱི་གླེགས་བམ་དེ་ཀློག་བཞིན་ཁྱེད་ཀྱི་མཛད་འཕྲིན་ལ་སྨོན་པ་ཡང་ཡང་ཤོར་མྱོང་།ངས་ཁྱེད་ཀྱི་འདས་སོང་གི་བཞུད་ལམ་རིང་མོའི་མཚར་སྡུག་དེ་བརྗེད་མི་སྲིད་ལ།ངས་ཁྱེད་ཀྱི་བྱམས་བརྩེ་ཡི་ཐུགས་ཁུར་དྲོན་མོ་བརྗེད་ག་ལ་སྲིད།ངས་ཁྱེད་ཀྱི་སྙིང་ཁོང་ན་འབར་བཞིན་པའི་བརྩེ་སེམས་ཀྱི་བཞུར་རྒྱུན་དྲོན་མོ་དེ་བརྗེད་ག་ལ་སྲིད།ངས་ཁྱེད་ཀྱི་སྙིང་ཁོང་ན་འབར་བཞིན་པའི་སྒྲོན་མེ་གསོན་པོ་དེའི་རྒྱུན་ཆད་དུ་འཇུག་མི་སྲིད་ལ་ངས་ཁྱེད་ཀྱི་སྙིང་ཁོང་གསོན་པོ་ནས་བཞུར་ཡོང་བའི་བརྩེ་སེམས་ཀྱི་བཞུར་རྒྱུན་དྲོན་མོ་དེ་ཡང་ཆད་དུ་འཇུག་མི་སྲིད་དོ།།
      ད་ལྟ། ངས་བརྩེ་བའི་ཡི་གེ་དེའི་སྟེང་གི་རྡུལ་སྙིགས་དག་ཕྱགས་བཞིན་རིག་གཞུང་གི་མཚོ་མོ་འཁྱིལ་བའི་ཡུལ་གྲུ་ཞིག་ནས།རྟ་བདུན་དབང་བོའི་ཉི་ཟེར་དེ་བསུ་བཞིན སློང་མོ་བ་ཞིག་གི་ཚུལ་དུ་བརྩེ་བའི་ཡི་གེ་དེ་བསྣམས་ནས་དུས་རབས་ཀྱི་དཀྱོགས་མཚམས་ཞིག་ནས་ལམ་ལ་ཆས་བཞིན་མཆིས།