གཟིམ་རྒྱུ་མེད་པའི་འོད་སྣང་ཅིག གུ་རུ་སྐྱིད།

རྩོམ་པ་པོ།: 2014-06-02

གུ་རུ་སྐྱིད།

འཛིན་གྲྭ མཐོ་གཉིས་འཛིན་བཞི།
རུས་མིང་། གུ་རུ་སྐྱིད།
     བྱིས་པ་གཞན་རྣམས་ཨ་མའི་པང་དུ་ནུ་ཞོ་མངར་མོར་རོལ་བཞིན་གཉིད་ཀྱི་ཞིང་ཁམས་མྱུལ་སྐབས་ངས་མྱོང་བཞིན་པ་ནི་འཇིག་རྟེན་འདིའི་སྟེང་གི་ཆེས་ལྷད་མེད་པ་དང་བླ་ན་མེད་པའི་རྨོ་མོའི་བརྩེ་བ་དེ་མྱོང་བ་ཡིན།
ངའི་དྲན་སྣང་ཁྲོད་ཀྱི་རྨོ་མོ་ནི་གཟུགས་དྲང་ཞིང་འབྲིང་ཙམ་དང་།གནག་ཀྱང་སྣུམ་པའི་སྐྲ་ལོ་ལན་བུ་གཉིས་སུ་བྱས་ནས་བསླེས་བ།མིག་མདངས་ཁྲོད་ནམ་ཡིན་རུང་བྱམས་བརྩེའི་འོད་མདངས་འཕྲོ་ལ།མཁུར་ཚོས་གཉིས་ནི་དཀར་ཞིང་དམར་མདངས་བཀྲ་བས།ངས་མཐོང་བའི་བུད་མེད་ཁྲོད་ཁོ་མོ་ནི་ཆེས་མཛེས་པའི་བུད་མེད་གཅིག་པུ་ཡིན།
     ཆུང་དུས་ནས་ཕ་མ་གཉིས་དང་བར་ཐག་རིང་བོ་ན་ཡོད་པའི་ང་ལ་མཚོན་ན“ཕ་མ”ཞེས་པའི་ཡིག་འབྲུ་འདི་གཉིས་ནི་རྒྱང་ཐག་ཆེས་རིང་བོ་རེད་འདོད།དུས་ད་ལྟ་ཁོང་གཉིས་ངའི་ཉེ་འཁོར་དུ་གནས་ནའང་སྔར་བཞིན་དུ་ང་ཚོའི་བར་དུ་བསུབས་ཐབས་བྲལ་ལ་བརྒལ་དཀའ་བའི་གཅོང་རོང་ཞིག་ཡོད་པར་སྣང་།དེ་བས་རྨོ་མོ་ནི་ངའི་འཚོ་བའི་ཁྲོད་ཀྱི་ཡུལ་ལྗོངས་གཅིག་པུ་རུ་གྱུར།
     རྒྱུ་མཚན་ནི་རྨོ་མོ་ཡིས་རང་ཉིད་ཀྱི་ཡོད་ཚད་ང་ལ་ཕངས་མེད་དུ་སྦྱིན་ཐུབ་པ་དེའོ།དཔེར་ན།གཞན་པ་ཚོས་ཁོ་མོར་བྱིན་པའི་སྒོར་མོ་དང་ལྭ་བ།ཟས་རིགས་སོགས་ཡོད་ན་ཐོག་མར་ང་ལ་དགོས་མིན་འདྲི་ཞིང་།ཞོགས་པར་སློབ་གྲྭར་འགྲོ་དུས་མཁོ་དངོས་རྣམས་གྲ་སྒྲིག་ལེགས་པོ།དགོང་མོ་ཉལ་དུས་གྱོན་ཆས་རྣམས་གོ་རིམ་སྒོས་ངའི་སྔས་མགོར་འཇོག ནམ་ཞིག་ནས་ཡིན་པ་མ་རྟོགས་པར་རྨོ་མོའི་འཚོ་བའི་གོམས་སྲོལ་དང་གཤིས་ཀ་ཚང་མ་ངའི་འཚོ་བའི་གཏིང་དུ་ཟུག་ཅིང་།ཐོགས་རེག་དང་བཀག་འགོག་ཡོད་ཚད་ཁོ་མོའི་བཀོད་སྒྲིག་གིས་གཏོར་བར་བྱས།དེ་བས་མཚམས་རེར་རྨི་ལམ་དུའང་ངས་ཁོ་མོའི་མིང་ནས་འབོད་ཅིང་།མཚམས་ལ་ལར་ཤོག་ངོས་སུ་ཁོ་མོའི་མིང་ཀྱང་བྲིས་པ་གྲངས་ཀྱིས་གཞལ་དཀའ།གལ་ཏེ་རྨོ་མོ་མེད་ཚེ་ངའི་ལུས་སེམས་ཡོངས་རྫོགས་ལ་མི་བདེ་བའི་ཚོར་བས་ཁེངས་འགྲོ
     དུས་ཀྱི་འགྲོས་དང་བསྟུན་ནས་ངའི་མཐའ་འཁོར་གྱི་དངོས་པོ་མང་པོ་འགྱུར་ཏེ་འགྲོ་བཞིན་ཡོད་མོད།འོན་ཀྱང་ནམ་ཡང་འགྱུར་རྒྱུ་མེད་པ་ནི་རྨོ་མོས་ང་ལ་བཅངས་བའི་རྣལ་མ་ལྷད་མེད་ཀྱི་བརྩེ་བ་དེ་ཡིན།དཀའ་སྡུག་གང་རུང་གི་སྐབས་སུ་ཁོ་མོའི་བརྩེ་བ་དེ་ནམ་ཡང་རྒྱུ་བཞིན་པའི་མཁའ་རླུང་བཞིན་ང་ལ་དབུགས་དབྱུང་གསོ།
     ད་ལྟ་ང་རང་འཚར་ལོངས་བྱུང་སྟེ་ཡོད་ཚད་ལ་འགྱུར་བ་འགྲོ་བཞིན་པ་དང་བསྟུན།རྨོ་མོའི་གཟུགས་གཞི་དེ་དང་ངོ་གདོང་ལ་ལྟ་བས་མི་སྡུག་པའི་རྒས་གཉེར་དང་སྒུར་ཚུགས་བབ་རུང་།ངའི་སེམས་ཁོངས་སུ་ཁོ་མོ་ནི་འཇིག་རྟེན་འདིར་ཆེས་མཛེས་པའི་བུད་མེད་གཅིག་པུ་དེ་རེད།
     རྨོ་མོ་ལགས།དུས་ད་ལྟ་ངས་ཁྱེད་ལ་སྙིང་ཁོངས་ནས་ཡོད་ཚད་བྱིན་པར་བཀའ་དྲིན་ཆེ་ཞུ་བ་ཡིན་ལ།ང་ལ་འཇིག་རྟེན་འདིར་ཆེས་ལྷད་མེད་ཀྱི་བརྩེ་བ་མྱོང་རོལ་བྱེད་དུ་བཅུག་པ་དང་།ངའི་མཛེས་སྡུག་གི་ལང་ཚོ་བསྐྲུན་པ།ང་ལ་བརྩེ་སེམས་ཀྱི་མངར་ཁ་མྱོང་དུ་བཅུག་པ་སོགས།མདོར་ན།ཁྱོད་མེད་པའི་འཇིག་རྟེན་ངས་དཔག་དཀའ་ཞིང་།ཁྱོད་མེད་པའི་ལོ་ཟླ་ངས་དྲན་མི་ཕོད་དོ།དེ་བས་ཁྱོད་ནི་ངའི་སེམས་ཁོངས་སུ་ནམ་ཡང་གཟིམ་རྒྱུ་མེད་པའི་མར་མེ་ཚེ་འབར་ལགས།