ངའི་གྲོགས་པོ། གདུགས་དཀར་སྐྱབས།

རྩོམ་པ་པོ།: 2014-06-02

གདུགས་དཀར་སྐྱབས།

འཛིན་གྲྭ མཐོ་གཉིས་འཛིན་བཞི།
རུས་མིང་། གདུགས་དཀར་སྐྱབས།

     རྟ་བདུན་དབང་བོ་གཏེར་རྫོང་ལྷུན་པོའི་ཕག་ཏུ་ཡལ་གྲབས་བྱེད་ཀྱང་།མཚམས་སྤྲིན་དམར་པོས་དགུང་དྲོ་བསུ་བཞིན་པའི་དུས་འདིར།སློབ་གྲོགས་ཚང་མ་ནམ་རྒྱུན་དང་འདྲ་་བར་ཁོར་ཡུག་ཏུ་སླེབས་ནས་རང་ས་ན་དཔེ་ཀློག་བྱེད་བཞིན་མཆིས།
     དེ་རིང་ནི་གཟའ་མིག་དམར་ཡིན་པས་སློབ་གྲྭ་སྤྱི་སྒྲིག་སྲོལ་ལྟར་ཚང་མས་བོད་ལྭ་གྱོན་དགོས།ངས་ཀྱང་དགོང་ཇ་འཐུང་རྗེས་བོད་ལྭ་གྱོན་ནས་ཉལ་ཁང་སྒོར་བུད་པ་ནས་ཁོར་ཡུག་ལ་ཡོང་།དཔེ་ཀློག་མ་བརྩམས་པའི་སྔོན་ལ་སློབ་གྲོགས་ཡོངས་ལ་ལྟ་ཙམ་བྱས་པ་ན་ལས་རེས་པའི་སློབ་མ་རྣམས་ད་དུང་སླེབས་མི་འདུག
     དེ་ནས་ང་རང་ཉིད་ཀྱིས་ཀྱང་བློ་རྩེ་གཅིག་སྒྲིམ་གྱི་སྒོ་ནས་དཔེ་ཀློག་བྱེད་བཞིན་སྐབས་ང་ཚོའི་འཛིན་གྲྭའི་སྐྱོར་དཔོན་ངའི་གམ་དུ་ཡོང་སྟེ་རྣམ་རྒྱལ་གང་ལ་བུད་སོང་ཟེར།ང་ཡང་ཅི་ཡིན་འདི་ཡིན་མེད་པར་སྐྱོ་དཔོན་ལ།“ཨོ།་་་་་་་་་རྣམ་རྒྱལ་སློབ་ཁང་གི་ལས་རེས་པ་ཡིན”ཞེས་རྫུན་གཏམ་དེ་དབང་མེད་དུ་ཤོར།སྐྱོར་དཔོན་ཡང་ང་ལ་ཡིད་ཆེས་ནས་ཕྱིར་རང་གི་སེ་འདོན་དུ་བུད་སོང་།ངའི་སེམས་སུ་“ཨ་ཡ་མཚན་རྣམ་རྒྱལ་ལས་རེས་པ་མིན་མོད་ཁོ་གང་དུ་བུད་སོང་ངམ།དོན་དག་བྱུང་སོང་ངམ”ཞེས་ངའི་ཡ་ཁོག་ནས་དྲི་རྟགས་མང་པོ་འཚང་ཞིང་སློབ་ཁང་གི་ཕྱོགས་སུ་བལྟས་པ་ན་ཏག་ཏག་སློབ་ཁང་གི་ཕྱོགས་ནས་བོད་ལྭ་གྱོན་པའི་སྟག་ཤར་ཞིག་འགྱིང་བཞིན་སླེབས་བྱུང་།མི་དེའི་ཕྱིའི་རྣམ་པ་དང་གོམ་པའི་སྤོ་སྟངས་ལ་བལྟས་ན་འཆུག་མེད་དེ་ཁོང་ནི་ངའི་ཤ་ཉེ་སྤུན་མཆེད་འཕགས་དབུས་རྣམ་སྨྱོན་རེད་འདུགཁོས་ལག་གཡས་པས་བོད་ལྭའི་གོང་ཁ་ནས་འཐེན་ཏེ་གདོང་ཅུང་གབ་ཅིང་དོགས་མི་བདེ་བའི་ངང་ཡོང་བ་མཐོང་བ་དང་།ད་ཐེངས་ཀྱི་སློབ་དེབ་ནང་གི་སློབ་ཚན་བདུན་པའི་མི་སྣ་པེ་ལུ་ཁོ་ཧྥུ་ཡིད་ལ་དབང་མེད་དུ་ཤར་བྱུང་།བོད་ལྭའི་ཐུ་སྣེ་ཐུར་དུ་དཔྱང་ཞིང་སྐེད་ཀྱི་སྐ་རགས་ཟོ་དཀྲིས་བརྒྱབ་པ་བཞིན་དེ་འདྲའི་ཆ་མི་མཚུངས་པ་ཞིག སྣེ་གཅིག་མར་དཔྱང་དྲག་པར་དཔག་ན་མི་ཚོད་མེད་འགའི་ལག་ཏུ་ཚུད་དེ་ཡར་འདྲུད་མར་འདྲུད་བྱས་ཏེ་བཏང་སོང་བ་དང་འདྲ།མགོའི་སྐྲ་ལོ་ནག་ཅིང་གཟའ་འཁོར་གཅིག་ལ་མ་བཀྲུས་པས་བྱིའུ་ཚང་ཞིག་དང་འདྲ།སློབ་གྲོགས་ཡོངས་ཀྱིས་ཁོར་འཕགས་དབུས་རྣམ་སྨྱོན་ཟེར་བའང་ད་ལྟའི་ཕྱིའི་རྣམ་པ་འདི་ལ་བལྟས་ཏེ་བཏགས་པ་ཞིག་ལོས་ཡིན་སྙམ།
     ཁོ་རང་ཁོར་ཡུག་ཏུ་ཐོན་མ་ཐག་རང་གི་འདུག་སར་སོང་ཞིང་།དཔེ་ཀློག་མི་བྱེད་པར་མེ་ཏོག་ལྡུམ་རའི་ར་སྐྱོར་སྟེང་བསྡད་དེ་ལག་གཡོན་པས་དཔེ་ཆའི་ཁ་ཟུམ་ཞིང་བྲང་ཁར་སྦྱར།མིག་གིས་ས་ལ་ཅེར་བཞིན་གདོང་ལ་འཛུམ་ཞིག་ལངས་བཞིན་པར་བལྟས་ན་ཕལ་ཆེར་བདེ་ཞིང་སྐྱིད་པའི་འཕྲུལ་སྣང་ཞིག་འཆར་བཞིན་ལོས་ཡོད་སྙམ།སྐྱོར་དཔོན་ཁོའི་གམ་དུ་སོང་ནས་ཤབ་ཤུབ་ཞིག་བཤད་རྗེས་རང་གི་འདུག་སར་བུད་སོང་།ཁོས་ཀྱང་དཔེ་ཆ་ཀློག་བཞིན་པའི་ངང་ཚུལ་ཞིག་སྟོན་འོན་ཀྱང་ཀླད་པའི་ནང་དུ་ཟིན་གྱིན་ཡོད་མེད་སུས་ཤེས།ངས་དོགས་མི་བདེ་བའི་ངང་ཁོའི་གམ་དུ་སོང་ནས“ཨ་རོ།གང་དུ་བུད་སོང་།འདི་འདྲ་འགོར་དོན་ཡང་སྙིང་ཅི་ཞིག་བྱུང་སོང”ཞེས་དྲིས་པ་ན།ཁོས་ང་ལ་འཐད་མི་འཐད་ངང“དམྱལ་བ་གཉིད་སོང”ཟེར།
     ངའི་བྲང་ཁོག་ནས་འགྱོད་པའི་རླུང་བུ་བར་མེད་དུ་ལྡང་བྱུང་ལ།ང་རང་ཡང་འཛིན་གྲྭའི་ལས་བྱེད་མི་སྣ་ཞིག་གི་ངོས་ཐད་ནས་བསམ་ན་འདི་ནི་ཅི་འདྲའི་འགན་མ་འཁུར་བའི་དོན་ཞིག་དང་བྱ་སྤྱོད་ཅིག གྲོགས་པོ་ཟེར་བ་འདི་ལྟར་བརྩིས་ན་དེ་ནི་ངོ་མ་ངོ་གནོངས་དགོས་པ་ཞིག་མ་ཡིན་ནམ་སྙམ་བྱུང་།