ཨ་མ་ལགས། ཁྱེད་ཀྱིས་སྐུ་ངལ་གསོ་རོགས། གདུགས་དཀར་འཚོ།

རྩོམ་པ་པོ།: 2014-06-02

གདུགས་དཀར་འཚོ།

འཛིན་གྲྭ མཐོ་གཉིས་འཛིན་བཞི།
རུས་མིང་། གདུགས་དཀར་འཚོ།

     མི་ལོ་སུམ་ཅུའི་དུས་ལ་ཉེ་དུས།བུ་ཕྲུག་ཚོས་རང་མགོ་འཁྱོངས་བས་ཁྱོད་དང་བྲལ་ཏེ་རང་རང་གི་མདུན་ལམ་སྙེག
     དུས་དེར།ལང་ཚོའི་མེ་ཏོག་གི་མྱུ་གུ་འབུས་བའི་ཨ་ཅེ་ནི་རང་ཁྱིམ་བྲལ་ཏེ་གཞན་ཁྱིམ་འགྲིམ་པའི་དབང་མེད་ཀྱི་གནས་འགྲོ་ཞིག རིག་གནས་ཀྱི་མཐོང་ཐོས་ཆུང་ཞིང་རང་ཁྱིམ་དང་བྲལ་མ་མྱོང་བའི་བདག་ཉིད་ནི་མ་ལོ་ཡི་བརྩེ་བར་བྲལ་ཏེ་སློབ་གླིང་འགྲིམ་པའི་སློབ་བུ་ཅིག་དང་རང་དོན་གཙིགས་སུ་བཀུར་ལ་མི་ཚེའི་འཚོ་བར་ཁ་ཕྱོགས་དབེན་པ་དང་རེ་སྐུལ་དྲོན་མོ་རླུང་ལ་བཅོལ་བའི་འཁྱམ་པོ་ཞིག འདི་ལྟར་ང་ཚོས་རང་ཁྱིམ་མ་ལོ་ཕུག་ཏུ་བསྐྱུར་ནས་རང་སར་བཞུད་པས།ཁྱིམ་ཚང་འདིའི་འཁོར་བའི་སྡུག་བསྔལ་ཁོ་མོའི་ཕྲག་ཏུ་བབས་པས།ཁོ་མོས་ང་ཚོའི་ལྟོ་བརྒྱབ་དང་ལྷག་པར་དུ་ངའི་སློབ་ཡོན་ལ་དམིགས་ནས་དཀའ་ཚེགས་ལ་མ་འཛེམ་པར་ཨུ་ཚུགས་སྒོས་རྫོགས་མཐའ་བྲལ་བའི་ལོ་ཟླ་བསུས་པས་ལུས་སྟོབས་ཞན་པར་གྱུར་ལ།བགྲང་བྱ་རྐུན་པོས་མ་ལོའི་ལང་ཚོའི་མེ་ཏོག་བརྐུ་ལ་ཤོར་བ་བཞིན་ཡུན་གྱིསས་ཉམས་ལ་ཕུ་བོའི་སྤྱོད་ངན་སྣ་ཚོགས་ལ་སེམས་ཁུར་བྱས་པས་སེམས་ཁུར་ལྗིད་བར་བྱིན་སྟབས་སྙིང་རྗེས་བྲལ་ལ་གཡོ་སྒྱུ་ཆེ་བའི་ནད་ཀྱི་དགྲ་བོས་ཁོ་མོར་རིམ་གྱི་འཇབ་རྒོལ་ཐེབས་སྟབས།དེ་སྔོན་གྱི་སྐྱེས་འབྲས་གཙང་ལ་ལུས་གཟུགས་རྒྱས་པའི་མ་ལོ་དེ་ད་ལྟ་དབུ་སྐྲའི་ཉག་མར་ཁ་དོག་འགྱུར་ལ་ལུས་ཀྱི་གཟུགས་གཞི་སྒུར་བ་མཐོང་བས།ང་རང་སློབ་གྲྭ་ནས་བུད་མེད་དེ་ཁོ་མོ་ཁྱིམ་ལས་གཉེར་འདོད་ཀྱི་འདུན་པ་མཚོ་མོའི་རླབས་བཞིན་འཕྱོ་ཀྱང་ཨ་མས་སློབ་ལ་བརྩོན་དགོས་པའི་ཁ་ཏ་སློབ་གསོས་བཀག་རྒྱ་ཐེབས་སྟབས་དེ་བཤད་མ་ཕོད་པ་ལག་ལེན་ཏུ་ཕབ་དེ་བས་ཀྱང་མ་ཐུབ་རུང་སེམས་རྩེ་གཅིག་གི་སློབ་སྦྱོང་བྱད་མི་ཐུབ་པར་ནམ་རྒྱུན་དཀའ་ངལ་མྱོང་བཞིན་པའི་ཁྱིམ་གྱི་ཨ་མ་སེམས་འཁྲེང་བས་སྦྱང་འབྲས་དམན་ཏུ་བྱིན།  དེ་བས་ངས་རང་ཉིད་ནི་ནུས་པ་དམན་པའི་བུ་ཕྲུག་ཐ་ཤལ་ཞིག་ཡིན་པར་ལེ་བདའ་དང་སྡིག་དམོད་བྱེད་བཞིན་སློབ་ལ་བརྩོན་ནས་མ་འོངས་པར་ཨ་མའི་གཉེར་མས་ཁེངས་བའི་བྱམས་བརྩེ་ཡི་བཞིན་དུ་འཛུམ་མདངས་མངོན་པ་མཐོང་བའི་ཉིན་གཅིག་ལ་རེ་བཞིན་འབད་བརྩོན་བསྐྱེད་འདོད།
     ཨ་མ་ལགས།ཁྱེད་ཀྱིས་ང་ལ་ཡིད་ཆེས་བྱོས་དང་།ངས་ཁྱེད་ཀྱིས་བརྒྱུད་འོང་བའི་ལོ་ཟླ་རིང་མོའི་ཁྲོད་དུ་དཀའ་ལས་མྱོང་བ་འདི་སུས་ཆེད་དུ་ཡིན་པ་གསལ་བོར་ཤེས་ཡོད་ལ་ཁྱོད་ཅི་ལྟར་དྲིན་གཟོ་དགོས་པརའང་ངས་མནོ་བསམ་གཏོང་བཞིན་ཡོད།ཨ་མ་ལགས་ཁྱེད་ཀྱིས་འདི་ལྟ་བུའི་དཀའ་ལས་མྱོང་བ་ངའི་མ་འོངས་བའི་མི་ཚེའི་བཞུད་ལམ་ཀྱག་ཀྱོག་ཁྲོད་བརྒྱུད་དུས་སེམས་ནས་མི་འདོར་ཐག་གཅོད་ཡིན་ལ།མ་འོངས་བར་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་དུ་འཇུག་འདོད་པའི་དམ་ཚིག་ཞིག་ངའི་སྙིང་ཁོངས་ཀྱི་གཏིང་རིམ་ཏུ་གཉེར་ཡོད།བུ་ཕྲུག་ཚོའི་མདུན་ལམ་གྱི་ཆེད་དུ།ཁྱེད་དཀའ་ངལ་ལ་མ་འཛེམ་པར་ང་ཚོར་འཚོ་བའི་མཐུན་རྐྱེན་བསྐྲུན་པས།ཨ་མ་ལགས།  ཁྱེད་ཀྱིས་གཞན་ལས་ལྷག་པའི་དཀའ་ལས་མྱོང་སོང་།