བྱམས་ལྡན་གྱི་ཨ་མ། དཔལ་བཟང་།

རྩོམ་པ་པོ།: 2014-12-25

རུས་མིང་། དཔལ་བཟང་།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་དང་པོ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

མཚན་མོ་མཁའ་དབྱིངས་ངོས་ཀྱི་ཟླ་འོད་ལ་ལྟ་དུས། །
བྱམས་ལྡན་ཨ་མའི་འཛུམ་ཞལ་ཡིད་ཡུལ་དུ་ཤར་ཞིང་། །
བཅོས་མིན་བརྩེ་སེམས་རིང་མོ་བདག་ཕྱོགས་ལ་འཆང་བའི། །
མིག་ཟུང་ཡང་ཡང་གཅར་བའི་ངང་ཚུལ་དེ་དྲན་སོང་། །

དྭངས་གཙང་ལྷབ་ལྷུབ་འབབ་པའི་ཁ་བ་ཡི་འདབ་མ། །
འཇིག་རྟེན་ནོར་འཛིན་སྒེག་མོའི་མཛེས་ཆས་སུ་གྱུར་ཏེ། །
ཨ་མའི་སྐྲ་ལོ་ནག་པོ་ཀྲབ་ཀྲབ་ཏུ་གཡོ་བའི། །
དགུན་གྱི་རླུང་སྒང་སྐྱོད་པའི་སྣང་ཚུལ་དེ་དྲན་སོང་། །

བསིལ་རླུང་དལ་བུར་ལྡང་བའི་སིལ་སྒྲ་དེ་སྙན་ཞིང་། །
སྟོན་མཇུག་གཡུ་ལོ་སྔོན་མོ་ཤག་ཤག་ཏུ་སྤུར་སྟེ། །
ཡལ་གའི་ལོ་འདབ་གསེབ་ནས་ཉི་འོད་ལམ་འཆར་བ། །
བྱམས་ལྡན་ཨ་མས་བསྐུར་བའི་དྲོད་འཇམ་དེ་ཨེ་ཡིན། །

སྙན་སྙན་ཕྱོགས་ནས་སྒྲོག་པའི་འཇོལ་མོ་ཡི་གླུ་སྐད། །
ལྷུང་ལྷུང་འབབ་པའི་སྙན་པའི་གཞུང་ཆུ་ཡི་བཞུར་སྒྲ། །
རྣ་དབང་གཉིད་ལས་སློང་བའི་ཅོང་སྒྲ་ཡིས་སིང་སིང་། །
ཨ་མའི་མགྲིན་སྒྲ་སྙན་མོའི་དབྱངས་རྟ་དེ་ཨི་ཡིན། །