བོད་པ། དོན་འགྲུབ་རྡོ་རྗེ།

རྩོམ་པ་པོ།: 2014-12-25

རུས་མིང་། དོན་འགྲུབ་རྡོ་རྗེ།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་བཞི་པ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

གདོད་མའི་སྤྱི་ཚོགས་དུས་ཀྱི་ངག་རྒྱུན་ལས། །
གོ་ལ་ཟླུམ་པོའི་ཡང་རྩེར་གནས་པ་ཡི། །
ཆོས་ལྡན་མགོ་ནག་མི་ཡི་རིགས་རྒྱུད་ནི། །
སྤྲ་དང་སྤྲེལ་ལས་ཆད་པའི་བོད་པ་ཡིན། །

སངས་རྒྱས་བསྟན་པའི་ཆོས་ལ་དད་ཅིང་གུས། །
ལས་དང་རྒྱུ་འབྲས་སོགས་ལ་ཡིད་ཆེས་ཤིང་། །
ཁོང་ཁྲོའི་དྲི་མས་མ་གོས་སྙིང་རྗེ་ཅན། །
ཐུགས་རྗེ་ཆེན་པོའི་གདུལ་ཞིང་བོད་པ་ཡིན། །

དྲིན་ལ་དྲིན་ལན་འཇལ་བའི་ཁྲེལ་ཡོད་མཁན། །
ཆེ་ལ་བཀུར་ཞིང་ཆུང་ལ་བྱམས་པས་སྐྱོང་། །
རྒྱུན་དུ་མ་ཎི་ཡི་གེ་དྲུག་མ་འདོན། །
འཛམ་གླིང་མཐོ་སྒང་གངས་ཅན་བོད་པ་ཡིན། །

མཐུན་སྒྲིལ་དཔུང་པ་ལེགས་པར་སྒྲིལ་བྱས་ཏེ། །
ལ་རྒྱའི་གཟི་འོད་སྙིང་དབུས་བཅངས་ནས་ནི། །
སློབ་གླིང་ཚལ་ནས་ཤེས་རིག་ལེན་མཁན་དེ། །
གངས་རིའི་རྒྱུད་འཛིན་གཞོན་སྐྱེས་བོད་པ་ཡིན། །

བདེ་སྡུག་བར་མའི་འཚོ་བ་འདི་ཡི་ཁྲོད། །
བཀྲ་ཤིས་དབྱངས་རྟ་ངག་གིས་ལེགས་གྱེར་ཏེ། །
སྨོན་ཚིག་འཕྲིན་པ་སྤྲིན་པར་བསྐུར་མཁན་འདི། །
ང་ཡི་སྙིང་གི་མགོ་ནག་བོད་པ་ཡིན། །

རྟ་ནོར་ལུག་གསུམ་འཚོ་བའི་བརྟེན་གཞིར་བྱས། །
ཞོ་དང་འོ་མ་ཁ་ཟས་ཉིད་དུ་རོལ། །
སྦྲ་ནག་གྲུ་བཞི་ཁྱིམ་གཞིར་བྱེད་མཁན་འདི། །
མེས་པོའི་རྒྱུད་འཛིན་གདོང་དམར་བོད་པ་ཡིན། །