དྲིན་ཆེན་མ་ཡུམ། བསོད་ནམས་མཐར་ཕྱིན།

རྩོམ་པ་པོ།: 2014-12-25

རུས་མིང་། བསོད་ནམས་མཐར་ཕྱིན།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་དང་པོ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

      ཆལ་ཆིལ་དུ་གཡོ་བའི་རྦ་རླབས་སྟེང་ཡམ་ཡོམ་དུ་བསྐྱོད་པའི་གྲུ་གཟིངས་ཤིག་དང་འདྲ་བར་གསལ་ལ་མི་གསལ་མུན་ནག་ཁྲོད་དྲིན་ཆེན་མ་ཡུམ་གྱིས་ལམ་སྟོན་སྒྲོན་མེ་སྦར་ནས་སྦྲ་ནག་དང་ཕྱུག་རིགས་ཀྱི་ཁེངས་པའི་རྩྭ་ཐང་སྟེང་དུ་ཁྲིད་དེ་ང་ལ་ཚེ་སྲོག་སྦྱིན། ངས་ཐེངས་དང་པོར་མི་ཚེ་ཡི་བྲོ་བ་མྱོང་། དུས་དེ་ནས་བཟུང་སྟེ་ལོ་དང་ཟླ་བ་རེ་རེ་བཞིན་ཨ་མ་དྲིན་ཆེན་གྱི་བཅུད་མངར་ལྡན་པའི་ནུ་ཞོ་དང་ཕ་ཟས་སྦྲང་དཀར་རྩམ་པ་ལ་ལོངས་སུ་སྤྱད་ནས་ང་རང་ནར་སོན་དུ་བཅུག
      མ་ཡུམ་ལགས། ཁྱེད་ཀྱིས་ང་ལ་བཅངས་པའི་ཉི་འོད་ལྟ་བུའི་སེམས་ཀྱི་བརྩེ་བ་རེ་རེ། ཁ་བ་ལྟ་བུའི་སྦྲང་དཀར་གྱི་རྩམ་པ་རེ་རེ། བདུད་རྩི་ལྟ་བུའི་ནུ་ཞོ་ཡི་མངར་བཅུད་རེ་རེ་ནི་ངའི་ཡིད་ལ་འགོག་ཐབས་བྲལ་བའི་སྐར་མ་འོད་ཆེན་ཞིག་དང་མཚུངས། དེ་ནས་བཟུང་དྲིན་ཆེན་མ་ཡུམ་གྱི་དཔའ་ངར་དང་ཞུམ་མེད་ཀྱི་སྙིང་སྟོབས། འཛད་མེད་ཀྱི་བྱམས་བརྩེ་དེ་ངས་དུས་ཚོད་སྐར་ཆ་གཅིག་ཀྱང་བརྗེད་མ་མྱོང་།
      མ་ཡུམ་ལགས། ཁྱེད་ཀྱིས་རང་གི་གཅེས་ཕྲུག་དོན་དུ་ཡོད་ཚད་ནས་ཡོད་ཚད་གཏོང་ཕོད་པའི་རྒྱལ་སྲས་དྲི་མེད་ཀུན་ལྡན་ལྟ་བུ་དཔའ་ངར་དང་སྙིང་སྟོབས་ལྡན་པའི་མ་ཡུམ་ཁྱེད་ཀྱི་དྲིན་ལན་དེ་ལས་སུ་ཞིག་བརྒལ་བར་ནུས། མ་ཡུམ་ལགས་ཁྱེད་ནི་གཟི་བརྗིད་ཆེ་ཞིང་བྱམས་བརྩེ་ལྡན་པའི་ཞལ་གྱིས་ང་ལ་ཡ་རབས་སྤྱོད་བཟང་གུས་ལུགས་བཅས་ཀྱི་སློབ་ཁྲིད་བྱེད་མཁན་གྱི་སློབ་དཔོན་ཐོག་མ་ཡང་ཁྱེད་ཡིན།
      ངས་གཞི་ནས་རྟོགས་སོང་། འཇིག་རྟེན་ན་ཆེས་གཟི་བརྗིད་ལྡན་པ་ནི་ཨ་མའི་བྱམས་བརྩེ་ཡིན་ཞིང་། ཆེས་གཞལ་དཀའ་བ་ནི་ཨ་མའི་དྲིན་ལན་དེ་རེད་འདུག མ་ཡུམ་ལགས་ཁྱོད་ཀྱི་དྲིན་ལན་ནི་ངས་ནམ་ཡང་མི་བརྗེད་པར་རྡོ་རྐོས་རི་མོ་བཞིན་དུ་སེམས་དབུས་སུ་བཅང་ངེས་ཡིན། །