རྒྱང་རིང་གི་ཨ་མའི་རྗེས་དྲན། ཚེ་དབང་དཔལ་འབྱོར།

རྩོམ་པ་པོ།: 2014-12-25

རུས་མིང་། ཚེ་དབང་དཔལ་འབྱོར།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་གཉིས་པ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

དལ་འབྱོར་མི་ལུས་རིན་ཆེན་ཐོབ་པ་ནས་བཟུང་།
ཁྱེད་ཀྱིས་ང་ལ་གནང་བའི་ཉམས་ཆུང་གི་ཚེ་སྲོག་ཅིག
དེའི་དུས་སུ།
དྲོད་འཇམ་གྱི་རུམ་དུ་བཅུག་ནས་གཅེས་སྐྱོང་ཚད་མེད་བྱས།
བྱམས་བརྩེའི་ལག་ཟུང་གིས་གཅིན་སྐྱག་ཕྱིས་ཏེ་ཕྲག་ལ་འཕང་།
ཨ་མ་ལགས།
ཁྱེད་ཀྱིས་ལོ་དུ་མའི་རིང་ལ་ཞུམ་པ་མེད་པའི་སྙིང་སྟོབས་དང་། བཟོད་བསྲན་གྱི་སྡུག་རུས་ཁུར་ཏེ་རྙོག་འཛིང་གི་མི་ཚེའི་ལམ་དུ་དུས་ནམ་ཡང་བགྲོད་བཞིན་ཡོད།
ཁྱེད་ཀྱིས།
ལོ་དུ་མའི་རིང་ལ་ལྷག་བསམ་རྣམ་དག་ནི་ཉི་མ་ལས་ཀྱང་གསལ་ཐུབ་ལ།
མཚན་མོའི་མགོན་པོ་ལས་ཀྱང་འོད་གསལ་ཞིང་བྱམས་བརྩེ་ལྡན་ལ། རྒྱུ་སྐར་གྱི་གྲངས་ལས་འདས་པའི་གདམས་ངག་གསུང་མྱོང་ཡོད།
ཨ་མ་ལགས།
ཁྱེད་ནི་མཐོ་སྒང་ལ་གནས་པའི་མཛངས་མ་ཞིག
ཁྱེད་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཉམས་སུ་ལེན་མཁན་གྱི་མཁའ་འགྲོ་མ་ཞིག
ཁྱེད་ལ་སྤྱི་སེམས་མ་གཏོགས་སྒེར་སེམས་མེད་ཅིང་།
ནམ་ཡང་བུ་ཕྲུག་ལ་བརྩེ་བའི་རྒྱང་རིང་གི་ཨ་མ་ཁྱེད་ཡིན།
ཁ་སང་།
ཁྱེད་དང་ཁ་བྲལ་ནས་རྒྱུས་མེད་ཀྱི་ས་མཐར་སླེབ་དུས།
དོན་མེད་ཀྱི་བརྩེ་བའི་སྐོར་ལ་མགོ་བོ་འཁོར་ཏེ་མི་ཚེ་སྟོང་ཟད་དང་།
བསླུ་བྲིད་ཀྱིས་ཁེངས་པའི་ཡུལ་ཁམས་འདི་ནས།
ཉིན་མོའི་དུས་ཚོད་ཤོར།
དེའི་དུས་སུ།
ངས་ཅི་ཡང་དྲན་མ་མྱོང་ལ། ཅི་ཡང་ཚོར་མ་མྱོང་།
དོན་དངོས་སུ་འདས་ཟིན་པའི་བྱ་བ་དེར་ཕྱིར་དྲན་ཞིག་བྱས་ན། ངོ་མ་ཡིད་སྐྱོ་བ་དང་སེམས་ཕམ་པའི་གནས་སུ་གྱུར་ཡོད་པ་མ་ཟད་ནམ་ཡང་ངོ་གནོང་དགོས་པ་ཞིག་རེད།
ཅི་ལ། ཅི་ཕྱིར་ཞེ་ན།
ཁྱེད་ཚོས་དྲིན་ཆེ་བའི་རྒྱང་རིང་གི་ཨ་མ་དེ་དམར་ཆུང་སྙིང་གིས་ཕྱིར་དྲན་ཞིག་གྱིས་དང་།
ཨ་མས་ང་ཚོ་ལ་བཅངས་ཡོད་པའི་རེ་བ་དེ་གང་དུ་བཞག
ཨ་མའི་དངུལ་ཆུ་ལས་གྲུབ་པའི་སྒོར་མོ་དེ་ཅི་ཞིག་བྱས།
དེའི་ཚབ་ཏུ་རིག་གནས་དང་ཤེས་ཡོན་ཅི་ཙམ་བསླབ་ཡོད།
ངོ་མ་ང་ནི་ཤེས་མེད་ཁྲེལ་མེད་ཀྱི་བུ་སྡུག་ཅིག་རེད།
ན་ནིང་།
དགུང་གནང་གི་སྐབས་སུ་ཁྱིམ་དུ་སོང་པས། དྲིན་ཆེན་ཨ་མའི་དབུ་ཡི་སྐྲ་ལོ་ཇེ་དཀར་དང་།
ཞལ་གྱི་གཉེར་མ་ཇེ་མང་ལ་སོང་འདུག
སྐབས་དེར།
སྐྱོ་བའི་ཡིད་འགུལ་ཞིང་རང་དབང་མེད་པའི་མིག་ཆུ་ཡིས་བདག་གི་ངོ་གདོང་ཡོངས་སུ་བརླན་སོང་།
འགྱོད་གདུང་སྐྱེ་བཞིན་དུ་མིག་ཆུ་སླར་ཡང་ས་ལ་ལྷུང་སོང་། དེ་བས་ངས་སེམས་ནས་ངོ་མ་བཟོད་ཐབས་མི་འདུག བཟོད་དཀའ་བའི་བརྩེ་བའི་མིག་ཆུ་དེ་ཤོར་སོང་།
དེ་རིང་།
སླར་ཡང་ཨ་མའི་རྗེས་དྲན་དེ་ཡིད་ལ་འཆར།
སླར་ཡང་དགའ་སྐྱོ་འདྲེས་མའི་སེམས་ལ་སྐྱོ་སྣང་ཞིག་འཆར་བྱུང་།