སྒང་པ་བོད། ཚེ་རིང་བཟང་པོ།

རྩོམ་པ་པོ།: 2014-12-25

རུས་མིང་། ཚེ་རིང་བཟང་པོ།
འཛིན་གྲྭ ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་གསུམ་པ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

གངས་དཀར་རི་རྒྱུད་སྒང་པ་བོད་ཀྱི་ས། །
ཕྱག་ན་པད་མོ་སྒང་པ་བོད་ཀྱི་མགོན། །
བཅུ་ཕྲག་རིག་གནས་སྒང་པ་བོད་ཀྱི་རྒྱན། །
བྱམས་དང་སྙིང་རྗེ་སྒང་པ་བོད་ཀྱི་སེམས། །

ཕ་སྐད་གཙང་མ་སྒང་པ་བོད་ཀྱི་སྐད། །
ཕ་ཁྱིམ་དྲོན་མོ་སྒང་པ་བོད་ཀྱི་ཁྱིམ། །
རྟ་ནོར་ལུག་གསུམ་སྒང་པ་བོད་ཀྱི་གཡང་། །
ཤ་མར་ཐུད་གསུམ་སྒང་པ་བོད་ཀྱི་ཟས། །

རི་ཆུ་ནགས་གསུམ་སྒང་པ་བོད་ཀྱི་གནས། །
ཆོལ་ཁ་གསུམ་པོ་སྒང་པ་བོད་ཀྱི་མི། །
ཆ་ལུགས་གཙང་མ་སྒང་པ་བོད་ཀྱི་གོས། །
ཡུམ་བུ་བླ་སྒང་སྒང་པ་བོད་ཀྱི་མཁར། །

རི་བོ་གྲུ་འཛིན་སྒང་པ་བོད་ཀྱི་བྲང་། །
ཉི་ཟླ་སྐར་གསུམ་སྒང་པ་བོད་ཀྱི་ལྷ། །
རྡོག་རྩ་གཅིག་སྒྲིལ་སྒང་པ་བོད་ཀྱི་འགན། །
འདི་དག་སྒང་པ་བོད་ཀྱི་ཁྱད་ཆོས་ཡིན། །

       ཨ་མའི་བསླབ་བྱ།

ཆུང་ཆུང་བྱིས་པའི་དུས་སུ། །
ཀ་ཁའི་དབྱངས་ལ་གྱེར་ནས། །
མ་ཡུམ་སློབ་གྲྭ་འགྲིམ་དུས། །
ཨ་མའི་བསླབ་བྱ་དྲན་སོང་། །

ནམ་ཟླ་དབྱར་ལ་སླེབ་དུས། །
ཁུ་བྱུག་གསུང་སྙན་བསྒྲོགས་སོང་། །
དྲིན་ཆེན་ཨ་མའི་བསླབ་བྱ། །
ཡིད་ལ་ཝ་ལེར་འཁོར་བྱུང་། །

བཅོ་ལྔའི་ཟླ་བ་འཛུམ་དུས། །
དྲིན་ཆེན་ཨ་མའི་ཞལ་རས། །
བུ་ངའི་སེམས་ཀྱི་ངོས་སུ། །
ཟླ་བའི་འོད་ལས་དཀར་རོ། །

ཟླ་བ་མུན་པས་སྒྲིབ་དུས། །
འགྲོ་ཆགས་ཉལ་འདུག་ལ་སོགས། །
ལུགས་གཉིས་བླང་དོར་སྐོར་གྱི། །
ཨ་མའི་བསླབ་བྱ་དྲན་སོང་། །

སློབ་གྲྭའི་གླིང་ག་འདི་ནས། །
སློབ་དཔོན་དམ་པ་འཕྲད་དུས། །
དྲིན་ཆེན་ཨ་མའི་བསླབ་བྱ། །
ཡིད་ལ་ཡང་ཡང་འཁོར་སོང་། །