དགེ་སློབ། ཡེ་ཤེས་དཔལ་མོ།

རྩོམ་པ་པོ།: 2014-12-25

རུས་མིང་། ཡེ་ཤེས་དཔལ་མོ།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་དང་པོ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

ལྔ་རིག་སློབ་གླིང་འདི་ནས། །
དུས་དང་གནས་སྐབས་ཀུན་དུ། །
མུན་སེལ་སྒྲོན་མེ་ཁྱེད་ལ། །
སློབ་བུ་ང་ཡིས་སྒུག་ཡོད། །

བསིལ་ལྡན་ཤེས་རིག་གླིང་ནས། །
ང་ཡི་རྨོངས་མུན་སྟུག་པོ། །
སྒྲོན་མེའི་འོད་སྣང་དཀར་པོས། །
ལེགས་པར་ཡོངས་སུ་བསལ་སོང་། །

དགེ་སློབ་ལྷན་དུ་འཛོམས་པའི། །
སྐྱིད་པའི་སློབ་གླིང་འདི་ནས། །
མ་འོངས་དྲན་པའི་རྟེན་དུ། །
འགྱུར་མེད་རྡོ་རིང་བཙུགས་ཡོད། །

ཟླ་འགའ་ཙམ་གྱི་རྗེས་ནས། །
དགེ་སློབ་བྲལ་དགོས་འདུག་པས། །
སྐྱོ་བའི་མིག་ཆུ་ལྷུང་སོང་། །
འོན་ཀྱང་མཇལ་བའི་སྨོན་ལམ། །

            ཕ་ཡུལ།

གཙང་གསུམ་ཆུ་བོའི་འབྱུང་ཡུལ། །
བདུད་རྩི་ཆུ་མགོ་ཡོད་ས། །
ལྷུང་ལྷུང་བཞུར་སྒྲ་སྒྲོག་ས། །
ང་ཡི་ཕ་ཡུལ་ཡིན་ནོ། །

ལོ་ཡག་སྙེ་མ་རྒྱས་ས། །
ཞིམ་མངར་བྲོ་བཅུད་ལྡན་ས། །
ལང་ཚོའི་གཟི་དཔལ་རྒྱས་ས། །
ང་ཡི་ཕ་ཡུལ་ཡིན་ནོ། །

རྒས་ལ་གུས་བཀུར་ཡོད་ས། །
ཆུང་ལ་གཅེས་སྐྱོང་ཡོད་ས། །
སྤུན་ཟླ་མཐུན་སྒྲིལ་ཡོད་ས། །
ང་ཡི་ཕ་ཡུལ་ཡིན་ནོ། །

སེམས་པ་འབངས་ལ་དཀར་ས། །
འདྲ་མཉམ་འཆམ་མཐུན་ཡོད་ས། །
ཕ་ས་གངས་ཅན་ལྗོངས་འདི། །
ང་ཡི་ཕ་ཡུལ་ཡིན་ནོ། །