དགེ་རྒན་ལ་བསྟོད་པ། སྐྱུ་རའི་བློ་བཟང་ཚེ་འཕེལ།

རྩོམ་པ་པོ།: 2014-12-25

རུས་མིང་། སྐྱུ་རའི་བློ་བཟང་ཚེ་འཕེལ།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་གསུམ་པ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

རིག་གནས་ཀྱི་མཁྱེན་རྒྱ་ཆེ། །
བློ་གྲོས་ཀྱི་ལུས་སྟོབས་རྒྱས། །
སེམས་རྒྱུད་ནི་མདའ་ལྟར་དྲང་། །
སློབ་མ་ལ་བུ་ལྟར་གཅེས། །

རང་དོན་ནི་རྗེས་སུ་བསྐྱུར། །
གཞན་ཕན་གྱི་ལྷག་བསམ་འཕྱུར། །
ཤེས་རིག་གི་སྒྲོན་མེ་འབར། །
མ་རིག་པའི་སྨག་རུམ་སེལ། །

ཐབས་མཁས་ཀྱི་སློབ་གསོ་ལྡན། །
རྐང་དྲུག་གི་སློབ་བུ་ཚོར། །
མ་འོངས་པའི་མདུན་ལམ་ཆེད། །
སྔར་མེད་ཀྱི་སྤོབས་པ་བསྩལ། །

རང་རིགས་ལ་སྲིད་ཞུ་སྒྲུབ། །
གངས་ལྗོངས་ལ་ཚེ་སྲོག་འཕུལ། །
དགེ་རྒན་གྱི་བཀའ་དྲིན་དེ། །
ནམ་ཀུན་ཏུ་བརྗེད་ཐབས་བྲལ། །

ཡིད་འོང་གི་སྐྱེད་ཚལ་དུ། །
གཡུ་ལོ་ཡི་རྩྭ་ཕྲན་ལྡེམ། །
ཡིད་འཕྲོག་གི་བྱེའུ་ཆུང་རྣམས། །
དགའ་ཚལ་དུ་ལྷན་དུ་འཛོམས། །

སློབ་གླིང་གི་དགའ་ཚལ་དུ། །
ཤེས་རིག་གི་པད་འདབ་བཞད། །
བརྩེ་ལྡན་གྱི་དགེ་སློབ་རྣམས། །
ལྷན་འཛོམས་ཀྱི་སྐལ་བ་བཟང་། །