བདག་གི་ཕ་ཡུལ། ཨ་རྟོག་ཐུབ་བསྟན་ནོར་བུ།

རྩོམ་པ་པོ།: 2014-12-25

རུས་མིང་། ཨ་རྟོག་ཐུབ་བསྟན་ནོར་བུ།
འཛིན་གྲྭ། 13ལོའི་ཆེད་འབྲིང་བོད་ཡིག་འཛིན་གྲྭ་དང་པོ།
མཛུབ་སྟོན་དགེ་རྒན། སྦྱིན་པ།

      ད་ལོའི་དབྱར་གནང་གི་སྐབས་སུ་ཨ་ཕས་ང་རང་ཕ་ཡུལ་གྱི་རྩྭ་ཐང་ན་འཚོ་བ་རོལ་བཞིན་པའི་མེས་པོ་ཚང་ལ་ཁྲིད་རྒྱུ་ཡིན་ཟེར། དེ་ནི་ངས་ཡུན་རིང་རེ་སྒུག་བྱས་པའི་དོན་དག་ཅིག་ཡིན་ཕྱིར་ང་རང་དགའ་ནས་སྤྲོ་སྐྱིད་ཀྱི་འཛུམ་མདངས་མངོན་ཞིང་། ངའི་ཕ་ཡུལ་གྱི་རྩྭ་ཐང་ནི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན་པ་མ་ཟད། ད་ལོའི་རྟ་རྒྱུག་འགྲན་ཚོགས་ཀྱང་དེ་རུ་འཚོགས་ཀྱིན་ཡོད་ཟེར་བས་ང་རང་དགའ་སྤྲོ་ཚད་མེད་སྐྱེས།
      གནང་བ་བྱིན་པའི་ཉིན་དེར་ཨ་ཕ་དང་ངེད་གཉིས་རླངས་འཁོར་ལ་བསྡད་ནས་ཕ་ཡུལ་དུ་སོང་བ་ཡིན། ངས་རླངས་འཁོར་གྱི་སྒེ་ཁུང་ཕྱེས་པ་ན། མེ་ཏོག་གི་དྲི་ཞིམ་དེ་རླུང་བུ་དང་འགྲོག་སྟེ་ངའི་དྲི་འཛིན་གྱི་ལམ་དུ་འཐུལ་བྱུང་། ལམ་འགྲམ་གྱི་ཤིང་སྡོང་དེ་དག་རེ་རེ་བཞིན་དུ་སྐད་ཅིག་སྐད་ཅིག་ཏུ་རྗེས་སུ་བསྐྱུར་བ་དང་། ལེ་བར་བརྩི་བྱེད་ཀྱི་རྡོ་རིང་ཡང་རེ་རེ་བཞིན་བསྐྱུར་སོང་། ལམ་འགྲམ་ནི་མུ་མཐའ་མེད་པའི་རྩྭ་ཐང་ཡིན་ལ། རྩྭ་ཐང་སྟེང་དུ་མཛེས་སྡུག་ལྡན་པའི་མེ་ཏོག་སྣ་ཚོགས་ཁྲ་ཆིལ་ལེར་བཞད་ཅིང་། རྟ་ནོར་ལུག་གསུམ་ནི་རང་རང་གི་མོས་འདུན་ལྟར་ཁྱུ་དང་ཁྱུ་བྱས་ནས་ཐང་ཐོག་ཏུ་ཁྱབ་འདུག རྫི་བོ་བུ་དང་བུ་མོ་རྣམས་ཀྱིས་གླུ་དང་ལ་གཞས་གང་འདོད་དུ་ལེན་བཞིན་འདུག་ལ། རྒྱང་རིང་དུ་བལྟས་པ་ན་གནམ་སྔོན་པོ་ས་ལ་ལྷུང་བ་དང་འདྲ་བར་གནམ་ས་དབྱེར་མེད་དུ་འབྲེལ་འདུག
      ཕ་ཡུལ་དུ་བསླེབས་པའི་ཕྱི་ཉིན་གྱི་ཞོགས་པར་ང་ཨ་ཕ་དང་ལྷན་དུ་རྩྭ་ཐང་གི་སྟེང་དུ་སོང་། དུས་དེར་ཞོགས་པའི་སྨུག་པ་དུ་བ་ལྟར་འཐིབས་པའི་རྒྱང་རིང་གི་རི་བོ་དག་བཏུམས་ཡོད་པས་གསལ་ལ་མི་གསལ་བ་ཞིག་མ་གཏོགས་མཐོང་མི་ཐུབ། ནང་ཇ་འཐུང་རྗེས་སུ་ང་དང་ངའི་གྲོགས་པོ་པ་སངས་གཉིས་རྟ་རྒྱུག་འགྲན་སྡུར་བྱེད་སར་སླེབ་ཚེ་མི་ཚང་མས་དགའ་པོ་བྱེད་ཀྱི་འདུག ངེད་གཉིས་སོང་ནས་བལྟས་ཚེ་ཨ་ཁུ་ཞིག་གིས་འགྲན་སྡུར་གྱི་ཨང་རིམ་དང་པོ་བླངས་པས་ཚང་མས་ཁོ་ལ་བསྟོད་པ་བྱེད་བཞིན་འདུག དེ་ནས་རྟ་གཞན་ཞིག་གི་མགོ་བརྩམས་པ་དང་མེ་མདའི་སྐད་གྲགས་མ་ཐག་རྟ་རྒྱུག་འགྲན་རྒྱུག་མཁན་རྣམས་མདུན་རྒྱུག་སོང་། རྟ་རྐྱང་དམར་ལ་བཞོན་པའི་རྟ་བ་ཞིག་སྔོན་དུ་རྒྱུག་ཅིང་། མགོ་ནས་མཇུག་བར་དུ་སྔོན་མ་བྱས་ནས་རྒྱུགས་ཏེ་ཨང་དང་པོ་བླངས་སོང་། གཉེན་ཉེ་དང་གྲོགས་པོ་རྣམས་ཀྱིས་རྟ་དང་རྟ་བ་གཉིས་ལ་དགའ་རྟགས་བྱིན་ནས་རྟེན་འབྲེལ་ཞུ་བཞིན་འདུག
      ས་རུབ་པ་ན་རྩྭ་ཐང་དུ་མེ་ཕུང་རེ་རེ་སྦར་ཞིང་དགའ་སྟོན་ལ་རོལ་བའི་མི་རྣམས་ཀྱིས་མེ་ཕུང་གི་མཐའ་སྐོར་ནས་རྩྭ་ཐང་ན་འཚོ་བའི་འབྲོག་པ་ཚོར་ཆེས་གསལ་ཆ་ཡོད་པའི་སྐོར་བྲོ་འཁྲབ་སྟོན་བྱས་ཤིང་། ནུབ་དེར་ང་ལ་རྨི་ལམ་ཞིག་རྨིས་སོང་རྨི་ལམ་དུ་ང་རང་རྟ་མཆོག་ཅིག་ལ་ཞོན་ནས་མཛེས་སྡུག་ལྡན་པའི་རྩྭ་ཐང་དུ་རྒྱུགས་བཞིན་ཡོད་པ་རྨིས་སོ། །