ཡུལ་ཤུལ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།: 2014-12-25


ཡུལ་ཤུལ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ།

སློབ་རའི་ཟུར་ཞིག

      ཡུལ་ཤུལ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་ནི1957ལོའི་ཟླ10བའི་ཚེས8ཉིན་ལ་བཙུགས་ཤིང་། སློབ་གྲྭ་ཐོག་མར་འཛུགས་སྐབས་ཡུལ་ཤུལ་ཁུལ་མི་རིགས་དམའ་རིམ་དགེ་འོས་སློབ་གྲྭ་ཟེར་ཞིང་། སློབ་གྲྭའི་རྒྱ་ཁྱོན་ལ་མུའུ211.9དང་ཁང་བའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ11469ཡོད་ཅིང་སྐབས་དེར་སློབ་ཁང་གསུམ་དང་གཞུང་སྒྲུབ་ཁང་། དགེ་སློབ་ཀྱི་འདུག་ཁང་བཅས་བཅུ་གཉིས་ཙམ་ཡོད་པ་དང་། དགེ་བཟོ་བ27ནང་དུ་ཆེད་གཉེར་དགེ་རྒན4དང་སློབ་མ26ཡོད། 1962ལོར་སློབ་གྲྭའི་མིང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དགེ་འོས་སློབ་གྲྭ་ལ་བསྒྱུར། 1990ལོར་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ2755.92ཡོད་པའི་སློབ་ཁྲིད་ཐོག་ཁང་ཞིག་དང་སྨི་གྲུ་བཞི་མ2104.6ཡོད་པའི་ཕྱོགས་བསྡུས་ཚོད་ལྟའི་ཐོག་ཁང་ཞིག་འཛུགས་སྐྲུན་བྱས་པས་སློབ་གྲྭའི་སློབ་སྒྲུབ་ཀྱི་ཆ་རྐྱེན་ལེགས་བཅོས་ བྱུང་། 1991ལོར་མི་རིགས་དགེ་འོས་སློབ་གྲྭར་འཁོར་སྐར་སློབ་གསོ་བརྙན་འཕྲིན་བརྒྱུད་གཏོང་ས་ཚིགས་བཙུགས་པ་དང་། སྤྱི་ལོ1985ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་ཡུལ་ཤུལ་བོད་ཡིག་ཆེད་སྦྱོང་སྡེ་ཁག་བཙུགས་ཤིང་ད་ལྟ་བར་འཛིན་གྲྭ་བཅུ་གསུམ་དང་སློབ་མ370ཙམ་སློབ་མཐར་ཕྱིན། སྤྱི་ལོ2010ལོའི་ཟླ4པའི་ཚེས14ཉིན་གྱི་ས་ཡོམ་ཁྲོད་ཡུལ་ཤུལ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སྤྱི་ལེ་གྲུ་བཞི་མ་སྨི་ཁྲི2ལས་བརྒལ་བའི་སྡོད་ཁང་ལ་གཏོར་བརླག་ཚབས་ཆེན་བཟོས་པ་དང་། སློབ་ཁྲིད་ཀྱི་སྒྲིག་ཆས་ཡོངས་ཕལ་ཆེར་གཏོར་སྐྱོན་ཐེབས་པས། སྐབས་དེའི་ས་ཡོམ་ཁྲོད་གཏོར་སྐྱོན་ཆེ་བའི་སློབ་གྲྭ་ནང་གི་གཅིག་ཡིན། ཡུལ་ཤུལ་ས་ཡོམ་བྱུང་རྗེས་ཀྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་ཕྱིར། ཡུལ་ཤུལ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་བསྐྱར་འཛུགས་ཐད་ལ་མ་དངུལ་སྒོར་དུང་ཕྱུར4.5བཏང་སྟེ་བསྐྱར་འཛུགས་ལེགས་འགྲུབ་བྱུང་ཞིང་། མིག་སྔར་སློབ་གྲྭ་འདིར་ནང་གསེས་ཚན་ཁག་འགའ་ཞིག་ཡོད་པ་ནི། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་ཡུལ་ཤུལ་ཆེད་སྦྱོང་སྡེ་ཁག་དང་། ཡུལ་ཤུལ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་སློབ་གྲྭ་ཆེན་མོ། ཡུལ་ཤུལ་ཁུལ་ལས་རིགས་རྩལ་ནུས་ཚད་འཇོག་ལྟེ་གནས། ཡུལ་ཤུལ་ཁུལ་ལས་རིགས་ལག་རྩལ་སློབ་གསོའི་ལྟེ་གནས་བཅས་ཡོད་ཅིང་། སློབ་གྲྭའི་ས་ཁྱོན་ལ་མུའུ203.2ཡོད་པ་དང་། འཛུགས་སྐྲུན་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སྨི6.8ཟིན། མིག་སྔར་སློབ་གྲྭར་ཡོད་པའི་སློབ་མ4000ལ་ཉེ་ཞིང་དགེ་བཟོ་བ250ཙམ་ཞིག་ཡོད།

སློབ་གྲྭའི་རྩལ་སྦྱོང་ར་བ།

དགེ་སློབ་ལྷན་འཛོམས་ཀྱི་འདྲ་པར།

      མིག་སྔར་སློབ་གྲྭ་འདིས་མི་རིགས་ས་གནས་ཀྱི་མ་འོངས་སོན་རྩ་བློ་གསལ་གཞོན་སྐྱེས་རྣམ་པ་ཤེས་འཇོན་སྤྱོད་གསུམ་དང་ལྡན་པ་ཞིག་ཡོང་ཕྱིར། མི་རིགས་ཀྱི་སྐད་ཡིག་རིག་གནས་རྨང་གཞིར་བཟུང་བའི་གནའ་དེང་ཟུང་འཇུག་གི་རིག་གནས་དང་། ལག་རྩལ་སློབ་གསོའི་འོས་འགན་ལེགས་ཁུར་གྱིས་སློབ་གསོའི་ལས་དོན་ལ་དམ་འཛིན་བྱས་ཏེ་རང་ནུས་ཅི་ལྕོགས་ཀྱིས་མི་རིགས་ས་གནས་ལ་ཞབས་ཞུ་སྒྲུབ་བཞིན་ཡོད་པས། རིག་གནས་དང་ལས་རིགས་སློབ་གསོའི་མ་ལག་ཅུང་འཐུས་ཚང་ཞིག་ཆགས་བཞིན་ཡོད་དོ། །