ང་ཚོ་འདི་ནས་འཛོམས་སོང་། སྐལ་བཟང་སྐྱིད།

རྩོམ་པ་པོ།:སྐལ་བཟང་སྐྱིད། 2018-01-09
མཚོ་སྔོན་པོ་དྲ་བ།

རུས་མིང་། སྐལ་བཟང་སྐྱིད།
འཛིན་གྲྭ། མཐོ་གཉིས་བདུན་རྩིས་ཚན་འཛིན་གྲྭ།

       ང་ཚོ་ལས་དབང་གིས་འདི་ནས་འཛོམས་སོང་ལ།
       སླར་ཡང་ལས་དབང་གིས་འདི་རུ་གྱེས་དགོས་བྱུང་།

       རེ་བ་ཡི་གཤོག་པ་རྐྱོང་དུས།
       མདུན་སྐྱོད་ཀྱི་གོམ་པ་སྤོ་དུས།
       ཡིད་ཆེས་ཀྱི་རྦ་རླབས་གཡོ་དུས་ཤིག་ལ།
       ང་ཚོ་འདི་ནས་མཉམ་དུ་དབྱངས་གསལ་གྱི་འཇིག་རྟེན་ལ་འགྲུལ་བཞུད་ཀྱི་མགོ་ཚུགས།

       དཔེ་ཀློག་གི་བར་གསེང་ནས་འཁྲུངས་བའི་གཟི་བྱིན་དེ།
       ང་ཚོས་མ་འོངས་པར་བཏོད་པའི་ལམ་བུ་ཡིན།
       དབྱངས་གསལ་གྱི་ཀློང་ནས་བརྡོལ་བའི་གླུ་ངག་སྟེ།
       ང་ཚོས་མ་འོངས་པར་གྱེར་བའི་རེ་བཞག་ལགས།
       རེ་བཞག་ཁྲི་མ་འབུམ་གྱི་ཕ་རོལ་ཏུ།
       ཡིད་ཆེས་སྟོང་ཕྲག་ལྷག་གི་ཚུ་རོལ་ནས།
       དབྱངས་གསལ་སོ་བཞིའི་ང་རོ་འཁྱུག་པའི་གླིང་ཀ་ནས།
       ང་ཚོས་དཔེ་ཆ་ཀློག་གིན་ཀློག་གིན།
       ང་ཚོས་སློབ་སྦྱོང་བྱེད་ཀྱིན་བྱེད་ཀྱིན།
       ཤེས་རིག་གི་ཀློང་ལ་ཡན་འགྲོ

       དེ་ལྟར།དབྱངས་གསལ་གྱི་ཀློང་ནས་བརྡོལ་བ་མཐའ་དག
       ང་ཚོར་དབང་བའི་ཁ་དོག་གིས་བྱུགས་མེད་ལ།
       དྲི་མ་ཡིས་བསྒོས་མེད་པའི་ལོ་རྒྱུས་ཀྱི་དྲན་ཤིང་ལགས།

       ང་ཚོ་ལས་དབང་གིས་འདི་རུ་འཛོམས་ན་ཡག་ལ།
       ང་ཚོ་ལས་དབང་གིས་འདི་ནས་གྱེས་པའང་མཛེས་པར་རློམ།