ཕྱིར་མིག་ལས་འཁྲུངས་པའི་ངེས་པ། རྡོ་རྗེ་སྐྱབས།

རྩོམ་པ་པོ།:རྡོ་རྗེ་སྐྱབས། 2018-01-09
མཚོ་སྔོན་པོ་དྲ་བ།

རུས་མིང་། རྡོ་རྗེ་སྐྱབས།
འཛིན་གྲྭ། མཐོ་གཉིས་བདུན་རྩིས་ཚན་འཛིན་གྲྭ།

     འདས་པའི་ལོ་ཟླར་ཕྱིན་དྲན་ཞིག་གིས་སྐྱེལ་མའི་མིག་ཟུང་རྒྱང་དུ་གཏད།།
     ཕྱིན་དྲན་རེ་རེའི་དཀྱོགས་མཚམས་བར་ནས་ན་ཟུག་མོད་པོའི་འཁུན་སྒྲ་ཤོར།།
     དགའ་སྐྱོའི་གཏམ་རྒྱུད་ཡུན་རིང་ཉར་བའི་སེམས་ཀྱི་ཁུར་བོ་ལྗིད་ཏིག་གེར།།
     ཁྱོད་དང་ང་ཡི་ལོ་ངོ་གསུམ་ལ་མངར་སྐྱུར་ཁ་མའི་བྲོ་བ་བརྗིད།

     རང་སེམས་ཤེལ་དཀར་མེ་ལོང་ནང་ལ་ལོ་ངོ་གསུམ་གྱི་རང་རྣམ་འཆར།།
     འདས་པའི་ན་ཟུག་རུམ་ལ་བཅུག་སྟེ་བཟོས་པའི་རྨ་ཁ་གསོ་བར་བརྩམས།།
     རྐང་པ་གཉིས་པོ་ས་ལ་བཙུགས་ཏེ་མདུན་ལྗོངས་རིང་མོར་ལྟ་བའི་ཚེ།།
     ང་ཡི་མདུན་ན་རྨོངས་ཚོགས་སྟུག་པོའི་སྨག་རུམ་ཁྲབ་རྨོག་རབ་ཏུ་མཐུག།

     ཁ་སང་སློབ་ཁང་གྲུ་བཞི་དེ་རུ་དགའ་སྤྲོ་སྟོང་གི་སྒྲ་དབྱངས་འཁྱིལ།།
     དེ་རིང་ལྷིང་འཇགས་གྲུ་ག་དེ་ནས་ཕྱིར་དྲན་ཡིད་ཀྱི་རོལ་མོ་དཀྲོལ།།
     འདུས་པའི་མཐའ་མ་བྲལ་བའི་ཆོས་ཀྱི་ལྡོག་མེད་ལས་ཀྱི་ཆོས་ཉིད་ལས།།
     ཁྱོད་དང་ང་ཡི་ལོ་ངོ་གསུམ་ལ་གྱེས་བྲལ་བདེ་མོ་བཞག་པར་ཐལ།།
 

ང་ལ་གླུ་ལེན་དུ་ཆུགས།

     ང་ལ་གླུ་ལེན་དུ་ཆུགས།
     ངག་དབང་ལྷོད་ཀྱིས་གྲོལ་བའི་གདངས་དབྱངས་སྙན་མོ་སྙན་འཇེབས་ཚིག་གི་པི་ལྦང་དང་འགྲོགས་ཏེ།
     མེས་པོ་ཚོའི་ལས་དབང་གི་དབྱངས་རྟ་དེ་དག
     ང་ལ་སྐད་གསེང་མཐོན་པོས་ལེན་དུ་ཆུགས།
     གྲེ་འགྱུར་ངག་གི་མཆོད་པ་འབུལ་བཞིན་ལེན་དུ་ཆུགས།

     ང་ལ་གླུ་ལེན་དུ་ཆུགས།
     མགྲིན་ངག་འགག་མེད་བདེན་པའི་དབྱིངས་རིམ་ནས་ལོ་རྒྱུས་ཀྱི་བདེན་དོན་མཐའ་དག་སེམས་ཀྱིས་འགྱུར་ཁུགས་དང་བསྡོངས་ཏེ།
     མཐོ་སྒང་ནས་བོར་བའི་རྫི་གླུ་དེ་དག
     ཨ་ལ་ལ་མོའི་གདངས་ལ་གྱེར་ཏེ་ལེན་དུ་ཆུགས།
     དྲུག་འགྱུར་ངག་གི་འགྱུར་བ་མ་ཚང་རུང་དབྱངས་གསལ་གྱི་ཕྲེང་བར་བརྒྱུས་ཤིང་ལ་རྒྱའི་གད་རྒྱངས་དང་མཉམ་སྒྲོག་ཏུ་ཆུགས།

     མཐོ་སྒང་ནས་མཆེད་ཅིང་མཐོ་སྒང་ནས་སྟོར་བའི་ཚེ་སྲོག་དག་ལེན་དུ་ཆུགས།
     མཐོ་སྒང་གི་མཁའ་དབྱིངས་ན་འཁྱམས་པའི་རྣམ་ཤེས་སྟོང་གི་མཛེས་པ་དང་།
     ཡབ་མེས་གོང་མ་དག་གི་དཔའ་མཛངས་དང་མཛད་རྗེས་དག་སྐད་གསེང་མཐོན་པོས་ལེན་དུ་ཆུགས།
     མྱ་ངན་གྱི་སྐྱོ་དབྱངས་དང་དགའ་སྐྱིད་ཀྱི་སྤྲོ་དབྱངས་ཡོད་ཚད་ངས་སེམས་གཏིང་ནས་ལེན་འདོད།