ས་སྨྱུག་གི་རང་གཤིས། ཚེ་རིང་དོན་གྲུབ།

རྩོམ་པ་པོ།:ཚེ་རིང་དོན་གྲུབ། 2018-01-01
མཚོ་སྔོན་པོ་དྲ་བ།

རུས་མིང་། ཚེ་རིང་དོན་གྲུབ།
འཛིན་གྲྭ།  མཐོ་གཉིས་བདུན་འཛིན་གྲྭ།
     མགོ་བོ་བཀྱགས་ནས་སྣག་ཅིང་སྣུམ་པའི་སྒོ་སམ་ལ་བལྟ་ཐེངས་རེར། དགེ་རྒན་གྱིས་བྲིས་པའི་ཡིག་འབྲུ་དཀར་པོ་དེ་དག་མིག་ལམ་དུ་ཤར་མར་འཆར་འོངས། དེ་དུས་ཆེས་སྤྱིར་བཏང་གི་སློབ་ཁྲིད་ཡོ་བྱད་ས་སྨྱུག་དེ་ངའི་ཡིད་ལ་ལྦ་ལེར་དྲན་བྱུང་།
     ས་སྨྱུག་གི་ཚེ་ཚད་ནི་ཤིན་ཏུ་ཐུང་སྟེ། ས་སྨྱུག་བཟོ་གྲྭ་ནས་སློབ་གྲྭ་དང་། སློབ་གྲྭའི་སྤྱི་གཉེར་ཁང་ནས་སློབ་ཁང་གི་བར། ཁོ་ཚོ་དྲང་མོར་གྲལ་བསྒྲིགས་ནས་རང་ཉིད་ཀྱི་ཚེ་སྲོག་འབུལ་སྒུག་འདུག དགེ་རྒན་གྱིས་ས་སྨུག་སྒམ་ཁ་ཕྱེས་ནས་རིང་ཚད་ལ་ཚུན་འགའ་ལས་མེད་པའི་ས་སྨྱུག་རྐང་གཅིག་ལེན་དུས། ཁོ་ཚོར་གྲགས་འགུལ་དང་ཕངས་སེམས་ཅི་ཡང་མེད་པར་རང་ལུས་སློབ་གསོའི་ལས་དོན་ལ་འབུལ་བར་སྒུག་པ་ཡིན་ཞིང་། ཡིད་ལ་བརྩོན་འགྲུས་ཀྱིས་སློབ་སྦྱོང་བྱེད་པའི་སློབ་མ་འདི་དག་ནི་མི་རིགས་ཀྱི་རེ་བ་དང་། མ་འོངས་པའི་བདག་པོ་ཡིན་པས། ཁོ་ཚོ་ལེགས་པོར་འཚར་ལོངས་འབྱུང་བར་རང་ཉིད་ཀྱི་ལུས་པོ་འབུལ་དགོས་ཀྱང་འགྱོད་པ་སྤུ་ཙམ་ཡང་མེད་ཅེས་བསམ་བཞིན་པ་དང་འདྲ།
     དགེ་རྒན་གྱི་ལག་པ་བདེ་མྱུར་ལྡན་པའི་སྒོ་ནས་སྒོ་སམ་ངོས་སུ་འགུལ་སྐྱོད་བྱེད་པའི་མོད་ལ། ས་སྨྱུག་གི་ལུས་པོ་རིམ་བཞིན་ཇེ་ཐུང་དུ་སོང་ནས་གྲལ་འགྲིག་པོའི་ཡི་གེ་དང་ཨང་གི དཔེ་རིས་བཅས་སུ་གྱུར། སློབ་ཐུན་གྲོལ་བ་ན། ལས་རེས་པས་སྒོ་སམ་གཙང་མར་ཕྱིས་ཚེ། ས་སྨྱུག་གི་ཚེ་གང་བོར་གྲགས་འགུལ་ཅི་ཡང་མེད་པར་མཇུག་རྫོགས་པ་ཡིན། དུས་རྒྱུན་སྒོ་སམ་ངོས་ཀྱི་སྐད་ཡིག་དགེ་རྒན་གྱིས་བྲིས་པའི་གྲལ་འགྲིག་པོའི་ཡི་ལེའི་ཐིག་ཕྲེང་རེ་རེ་དང་གྲངས་རིག་དགེ་རྒན་གྱིས་བྲིས་པའི་ངོ་མཚར་བའི་ཨང་གི་ཤར་མོ་རེ་མཐོང་དུས། གཞན་ཡང་ཤེས་བྱ་མང་པོ་ཞིག་མིག་གི་བདུད་རྩི་རུ་གྱུར་དུས་སུ། སློབ་གྲོགས་འགས། ཁྱོད་ཚོའི་ཡིད་ལ་འུ་ཚོའི་དོན་དུ་རང་ལུས་ཐལ་བའི་རྡུལ་དུ་བརླགས་པའི་ས་སྨྱུག་འཆར་ཨེ་མྱོང་། རེད་ཡ། ས་སྨྱུག་གིས་འདི་ལྟར་གྲགས་འགུལ་ཅི་ཡང་མེད་པར་རང་སྲོག་འབུལ་བ་དེ་ནི་ཧུར་ཐག་གིས་རྨོ་འདེབས་བྱེད་པའི་མཛོ་རྒན་ཞིག་དང་འདྲ་བརའཁང་ར་ཅི་ཡང་མེད་པར་རང་ལུས་འབུལ་བཞིན་ན་མ་ཡིན་ནམ། དེས་རང་ཉིད་ཀྱི་ཁེ་གྲགས་གཉེར་མ་མྱོང་ལ་རང་ཉིད་ལ་ཐོབ་འོས་པའི་གླ་ཆར་བསམ་བློ་བཏང་མ་མྱོང་། ས་སྨྱུག་གི་སྙིང་སྟོབས་འདིས་ང་ལ་ཡིད་འགུལ་ཆེན་པོ་ཐེབས་སུ་བཅུག གལ་ཏེ་འཇིག་རྟེན་ཐོག་གི་མི་ཚང་མས་ས་སྨྱུག་དང་འདྲ་བར། རང་དོན་བསྐྱུར་ཏེ་གཞན་དོན་ཤ་སྟག་བསམ་པ་དང་། རང་ནུས་ཅི་ཡོད་བཏོན་ནས་གཞན་དོན་བསྒྲུབ་ཚེ། འཇིག་རྟེན་འདི་ནི་ཇི་འདྲའི་བདེ་སྐྱིད་ལྡན་པ་ཞིག་རེད་ཨང་། ཕུགས་བསམ་ལེགས་པོ་འགྲུབ་ཆེད་ངས་ས་སྨྱུག་ལྟར་འཚོ་བ་རོལ་འདོད་ཅིང་། ས་སྨྱུག་ལྟར་རང་ལུས་འབུལ་འདོད་དོ། །