རྩྭ་ཐང་གི་སྨུག་སྤྲིན། ལྷ་མོ་འཚོ།

རྩོམ་པ་པོ།:ལྷ་མོ་འཚོ། 2018-01-01
མཚོ་སྔོན་པོ་དྲ་བ།
རུས་མིང་། ལྷ་མོ་འཚོ།
འཛིན་གྲྭ། མཐོ་གཉིས་བདུན་འཛིན་གྲྭ།
     རྩྭ་ཐང་གི་སྨུག་སྤྲིན་ནི་མི་རྣམས་དགའ་བར་ཉམས་སྣང་སྐྱེས་བར་བྱེད་པ་ཞིག་གམ། ཡང་ན་སྐྱོ་བའི་ཡི་མུག་པར་འཇུག་པ་གང་འདྲ་ཞིག་ཡིན་ཡང་། དེ་ནི་ནམ་ཟླ་དང་གནམ་གཤིས་ཀྱི་འགྱུར་ལྡོག་ལས་བྱུང་བའི་རང་བྱུང་གི་སྣང་ཚུལ་ཞིག་ལས་མ་འདས་ཤིང་། ལྷག་པར་དུ་སྨུག་སྤྲིན་ནི་དབྱར་ཁའི་བསིལ་རླུང་འཇམ་པོ་དང་ལྷན་དུ་འགྲོགས་པ་ཞིག་ཡིན་ཕྱིར། བདག་གི་སྣང་ངོར་མི་རྣམས་དགའ་ངེས་ཡིན་སྙམ། གང་ལྟར། བདག་གིས་རྩྭ་ཐང་གི་སྨུག་སྤྲིན་མཐོང་ཚེ་དགའ་བའི་ཚོར་བ་ཞིག་བཅོས་མིན་དུ་སྐྱེས་འོང་།
     སྨུག་སྤྲིན་ལང་ལོང་གཡོ་བའི་ཞོགས་པ་ཞིག་ལ། ནོར་འཛིན་བུ་མོའི་ལུས་སུ་སྨུག་སྤྲིན་དཀར་པོའི་གོས་བཟང་ཀླུབས་འདུག བདག་གིས་ལག་ཏུ་དཔེ་ཆ་བཟུང་ནས་མཐིང་སྨུག་སྦྲ་ནག་ལས་ཕྱིར་བུད་པ་ན། བསིལ་ཞིང་དྭངས་བའི་མཁའ་དབུགས་ཀྱིས་ལུས་ལ་བདེ་བ་སྟེང་བའི་རེག་བྱ་ཉམས་སུ་མྱོང་ཞིང་། རི་ལུང་ཡོངས་སྨུག་སྤྲིན་གྱིས་བཏུམས་ཏེ་ཆུ་སྲིན་གྲོང་དང་གཉིས་སུ་མ་མཆིས། བདག་གིས་དྭངས་གཙང་གི་མཁའ་དབུགས་དལ་གྱིས་འབྱིན་རྔུབ་བྱེད་བཞིན་དལ་བ་དལ་བུར་ཆུ་ཕྲན་ཕ་རོལ་གྱི་མེ་ཏོག་སྣ་བརྒྱ་བཞད་པའི་སྤང་དུ་སོང་།
     རྒྱང་རིང་ན་ཚར་དུ་དངར་བའི་ལྷུན་སྟུག་རི་བོའི་ཕྲེང་བ་ནི། འཇོ་སྒེག་ལུས་ཕྲ་མས་རབ་དཀར་དུ་ཀུ་ལའི་གོས་བཟང་ཕུད་དེ་གཡུ་བྱུར་སྣ་ཚོགས་ཀྱིས་བརྒྱན་པའི་གྱོན་པ་གསར་བ་ཞིག་གསོལ་བ་དང་ཀུན་ནས་མཚུངས། རྒྱ་ཆེ་བའི་ཐང་གཞུང་ནི་གཡུ་ཡི་ཁུ་བས་ལན་བརྒྱར་བྱུགས་པ་དང་འདྲ་བར་སྔོ་ལྡེམ་མེར་མཆིས། གྱ་གྱུར་འབབ་པའི་དྭངས་གཙང་ཉལ་འགྲོ་མས་དགའ་སྤྲོའི་གླུ་སྒྲ་ལྷང་ལྷང་སྒྲོག  ཁ་དོག་རྣམ་པར་བཀྲ་བའི་ས་མོས་ཚོགས་ཀྱི་མགོ་ལྕོག་ལྡེམ་ཞིང་གར་གྱི་སྟངས་སྟབས་བསྒྱུར་བ་ནང་བཞིན་སུམ་རྩེན་བུ་མོའི་འཇོ་སྒེག་ལ་ཅོ་འདྲི་བར་བྱེད།
     རིམ་བཞིན་ཤར་ཕྱོགས་རི་བོའི་རྩེ་ནས་སྨུག་སྤྲིན་དལ་གྱིས་མཁའ་ལ་འཕགས་པ་ན། ཉི་གཞོན་གྱིས་མི་ཡུལ་ལ་གསེར་སྐུད་འཐེན་ཞིང་སྨུག་སྤྲིན་དེ་དག་ལ་གསེར་མདོག་གི་མཆོར་ལྭ་གྱོན་ཞིང་སྒེག་ཉམས་སྤྲས་པ་ན་དལ་འཇགས་སེ་ལུས་པའི་འབྲོག་པའི་ལྷས་རའང་གཉིད་ལས་སད་ཅིང་། ཐུལ་དཀར་འབྲི་མོའི་ངུར་སྒྲ་དང་གཡང་དཀར་ལུག་གི་འབའ་སྒྲ། འདོ་རིགས་རྟ་ཕོའི་འཚེར་སྐད། ཡོད་ཚད་དཀྱུས་གཅིག་ཏུ་རྩྭ་ཐང་གི་ཞོགས་པ་འདིའི་མཉམ་དཀྲོལ་རོལ་མོ་རུ་གྱུར།
     ཉི་གཞོན་ཐེག་ཚད་འགའ་ལ་སླེབས། སྨུག་སྤྲིན་དག་ཡུན་གྱིས་ཡལ་སོང་། བདག་གི་གོམ་ཁ་དེའང་སྦྲ་ཁྱིམ་དུ་ཕྱོགས། མཛེས་སྡུག་གི་ཞོགས་པ། ངའི་སྐྱིད་ཀྱི་ཞིང་ས།