ངུ་ངག་གི་ཟབ་སར་གནས་པའི་ཁྱེད། བསོད་ནམས་སྐྱིད།

རྩོམ་པ་པོ།:བསོད་ནམས་སྐྱིད། 2018-01-01
མཚོ་སྔོན་པོ་དྲ་བ།
རུས་མིང་། བསོད་ནམས་སྐྱིད།
འཛིན་གྲྭ། མཐོ་གཉིས་བདུན་འཛིན་གྲྭ།

རེ་བ་འབུམ་གྱིས་བསུས་པའི་ཁྱེད།
ཁ་སང་།
རྟ་ཕོའི་འཚེར་སྐད་ལྷང་ལྷང་སྒྲོག་བཞིན་ལམ་ལ་ཆས།
དེ་རིང་།
ཁྲ་ཆུང་མིག་ལས་མཆི་མ་ཞིག་དང་ལྷན་དུ་བདག་གི་ཉེ་འགྲམ་དུ་ཐོན།
འདི་ནི་མངོན་སུམ་ནམ་བཅོས་མ་ཡིན།
བཅོས་མ་སྟེ།
ཁ་སང་གི་འཚོ་བའི་རྒྱབ་ལྗོངས་ཁྲོད་ཀྱི་གསོན་ཤུགས་ནི་ཡལ་ག་ལ་སྲིད།
ཁ་སང་གི་ཁྱེད་ནི་མདུན་སྐྱོད་ལ་སྙེག་པའི་མི་བུ་དེ།
བང་རྩལ་དང་ལྡན་པའི་མགྱོགས་འགྲོ་ལགས་ཡིན།
མངོན་སུམ་སྟེ།
མདུན་སྐྱོད་ཀྱི་ཤུལ་བཞག་ཁྲོད་ན་ཕམ་ཁ་ཞིག་ཡོད།
ཕམ་ཁ་དེ་ནི་མི་བུ་དག་གི་འགྲོ་རོགས་ཡིན།
ཕམ་ཁ་དེ་ནི་ཨ་མས་ཁྱེད་ལ་གནང་བའི་ལམ་བྲི་རེད།
ཡིན་ཡང་།
ཁྱེད་ཀྱི་མིག་ཆུའི་ཐིགས་པ་ཤར་ཤུར་སར་ལྷུང་བ་དེས།
ནོར་འཛིན་བུ་མོ་དལ་ཅག་གེར་བཏང་སོང་ལ།
ནོར་འཛིན་བུ་མོ་སྐྱ་ཐལ་ལེར་བཏང་སོང་།
གསོན་དང་།
སྐྱོ་གཞས་ཕྲ་མོའི་མཆི་མ་ལྷུང་དགོས་དོན་ཅི་ཡང་མེད།
ཕམ་ཁའི་སྒུལ་ཤུགས་ཁྲོད་ནས་རྒྱལ་ཁ་ལ་སྙེགས་དང་།
རྨོ་བོས་ཁྱེད་ལ་དུངས་བའི་བརྩེ་བ།
གྲོགས་པོས་ཁྱེད་ལ་བཅངས་བའི་རེ་བ།
གོ་ལ་ཟླུམ་པོའི་རྩེད་རའི་ཁྲོད་ན་ཁྱོད་ལས་སྐྱིད་པ་སུ་ཞིག་ཡོད།
གྱི་ལིང་རྒོད་པའི་རྒྱུགས་ར་འདི་ནས།ད་ནི་མ་འདུག་མདུན་དུ་སྐྱོད་རོགས།