ཁ་དོག་ཡལ་བའི་ཕ་ཡུལ། པདྨ་སྐྱིད། (ཆེ་བ)

རྩོམ་པ་པོ།:པདྨ་སྐྱིད། (ཆེ་བ) 2018-01-01
མཚོ་སྔོན་པོ་དྲ་བ།
རུས་མིང་། པདྨ་སྐྱིད། (ཆེ་བ)
འཛིན་གྲྭ། མཐོ་གཉིས་བདུན་འཛིན་གྲྭ།

     ཕ་ཡུལ་ནི་ང་ཚོའི་མི་རེ་རེའི་སྐྱེས་ཁུངས་ཡིན་ལ། རང་ཉིད་ཆུང་དུས་ནས་འཚར་ལོངས་བྱུང་སའི་གནས་མཆོག་ཀྱང་ཡིན། དེ་བས་ང་ཚོས་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ལ་གཅེས་སྐྱོང་བྱེད་དགོས་ལ། ཕ་ཡུལ་ལ་བརྩེ་བ་ཟབ་མོའང་ཡོད་དགོས།
     སྔོན་ཆད། ང་ཚོའི་ཕ་ཡུལ་ནི་སྐྱིད་པའི་ཞིང་ཁམས་དང་འདྲ་བར། སྟོད་ནགས་རི་སྟུག་པོས་ཁེངས་ཡོད་ལ། བར་གཅན་གཟན་རི་དྭགས་ཀྱིས་བག་ཕེབས་ངང་ཟས་ལ་ལོངས་སྤྱོད་བཞིན་པ། འདབས་ན་རྫ་ཆུ་ལྷུང་ལྷུང་དུ་འབབ་པའི་ཁོར་ཡུག་སོགས་རང་བྱུང་དུ་གྲུབ་ཡོད། གཅན་གཟན་དང་རི་དྭགས། སྲོག་ཆགས་རྣམས་གཅིག་ལ་གཅིག་བརྟེན་གྱིས་འཚོ་བ་རོལ་བཞིན་ཡོད་ལ། ས་གཞི་ལ་མདངས་རྒྱས་ཤིང་སྐྱེས་ཁམས་ཁོར་ཡུག་དོ་མཉམ་ངང་གནས་པ་རེད།
     འོན་ཀྱང་། དུས་རབས་ཀྱི་འགྱུར་བ་དང་ཚན་རིག་ལག་རྩལ་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས། ང་ཚོའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་རེད། མི་རྣམས་ཀྱི་དགོས་མཁོ་དང་འདོད་སེམས་ཆེ་རུ་ཕྱིན་ནས་ནགས་ཀྱི་རི་དྭགས་རྣམས་བསད་ནས་དེའི་ལྤགས་པས་རང་ཉིད་ལ་གྱོན་གོས་དང་རྒྱན་ཆ་སྣ་ཚོགས་བཟོས་པ་རེད། དེ་ལྟར་རིམ་བཞིན་སྲོག་ཆགས་ཐམས་ཅད་བསད་ཚར་བ་མ་ཟད། ཡང་མི་ཁ་ཤས་ཀྱིས་ནགས་བཅད་ནས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བཟོས་པ་རེད། ཉེ་བའི་ལོ་འགའི་ནང་གི་ས་ག་ཟླ་བའི་དུས་ལ་མི་མང་པོ་དབྱར་རྩྭ་དགུན་འབུ་བརྐོ་བར་བྲེལ་བཞིན་ཡོད་ལ། དེས་རང་ཉིད་ཀྱི་དཔལ་འབྱོར་འཚོ་བར་ཁ་གསབ་བྱེད་ཐུབ་སྙམ། དེ་མ་ཟད་གང་ས་གང་དུ་ས་བརྐོ་རྡོ་སློག་མང་དུ་བྱས་པས། ད་ཆ་ང་ཚོའི་ས་གཞིའི་མདངས་ཉམས་ཤིང་མཁའ་རླུང་མི་གཙང་བར་གྱུར་འདུག་པ་ཡོད་ལ། རང་བྱུང་གནོད་འཚེའང་ཐེངས་མང་བྱུང་དང་འབྱུང་བཞིན་ཡོད། ད་ལྟ་ང་ཚོའི་ཕ་ཡུལ་ནི་མི་ཞིག་རྒས་པ་དང་འདྲ་བར་གདོང་ལ་གཉེར་མས་ཁེངས་འདུག་ལ། ལུས་ཀྱི་ཁྲག་རྩ་ཐམས་ཅད་ཇེ་སྐམ་ནས་ཇེ་སྐམ་དུ་འགྱུར་བཞིན་ཡོད།
     དེར་བརྟེན། ང་ཚོས་རང་ཉིད་ནས་མགོ་བརྩམས་ཏེ་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ཤིང་། ང་ཚོ་རྒྱུན་མཐུད་དུ་འཚོ་གནས་བྱེད་དགོས་ན། ཁོར་ཡུག་བཟང་བོ་ནི་བྲལ་ཐབས་མེད་པའི་སྔོན་འགྲོའི་ཆ་རྐྱེན་ཉག་གཅིག་ཡིན།
     དེ་བས་ང་ཚོས་ད་ནས་བཟུང་ལྗང་མདོག་གི་ཕ་ཡུལ་ཞིག་འཛུགས་སྐྲུན་བྱེད་པར་བརྩོན་དགོས་སོ། །