འདས་ཟིན་པའི་ལོ་ཟླ་དེ་ལ། ཚེ་རིང་སྒྲོལ་མ།(ཆེ་བ)

རྩོམ་པ་པོ།:ཚེ་རིང་སྒྲོལ་མ།(ཆེ་བ) 2018-01-01
མཚོ་སྔོན་པོ་དྲ་བ།
རུས་མིང་། ཚེ་རིང་སྒྲོལ་མ།(ཆེ་བ)
འཛིན་གྲྭ། མཐོ་གཉིས་བདུན་འཛིན་གྲྭ།

བསམ་གཞིག་གི་སྒོ་གླེགས་དལ་གྱིས་བརྡུང་ཚེ།
འདས་ཟིན་པའི་ལོ་ཟླ་དེ་ལ།
ང་ཚོས་ཕན་ཚུན་མཛའ་མཐུན་གྱི་ལག་རྡང་སྦྲེལ་ནས།སློབ་ཁང་གྲུ་བཞི་གཅིག་གི་ནང་དུ།
བཤེས་གཉེན་དམ་པའི་གསུང་སྐད་ལ་ཉན་ཞིང་།
གནས་མལ་གཞིས་ཁྱིམ་གཅིག་གི་ནང་དུ།
མི་ཚེའི་འཚོ་བ་ལ་ཁ་དོག་བསྐྲུན།
དེ་ཙམ་དུ་མ་ཟད།ང་ཚོས་མ་ཡུམ་སློབ་གྲྭའི་པང་ཁུགས་ནས།
སེམས་ཀྱི་འདུན་མ་གཅིག་ཏུ་གཉེར་ནས།
ཀ་མད་སུམ་ཅུའི་ང་རོ་དབྱངས་སུ་གྱེར་ཞིང་།
བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་བསྐུལ་ཏེ་ཤེས་བྱའི་ཐང་ཆེན་དུ་རྒྱུག

ཤེས་རིག་གི་དགའ་མ་འཚོལ་བའི་ཆེད་དུའམ།
མ་འོངས་པའི་འགྲུལ་བཞུད་ལ་ལམ་རྒྱགས་འཚོལ་བའི་སླད་དུ།
ཡང་ན།ལས་དབང་གི་བཀོད་སྒྲིག་གིས།
ཁྱོད་ཀྱིས་གཉེན་ཉེ་དང་མཛའ་བཤེས།ཕ་ཡུལ།
ང་དང་ཁྱོད་ལ་དབང་བའི་མཛའ་བརྩེ་ཟབ་མོ།
ང་དང་ཁྱོད་ཀྱིས་བཞག་པའི་དམ་ཚིག་བརྟན་པོ།
ད་དུང་།ཡོད་ཚད་ཀྱི་ཡོད་ཚད་ལོགས་སུ་བསྒྱུར་ནས།
ང་ཚོ་དང་རྒྱང་ཐག་རིང་སའི་སློབ་གླིང་དེར་འགྲིམས་སོང་།
དེ་ལྟར།ང་ཚོའི་བར་ཐག་ལ་གདུག་རྩུབ་ཀྱི་ལག་པ་བསྲིངས་ཏེ་ལོ་ཟླ་ཡི་ཆག་གྲུམ་ཤོར་སོང་།
འདུས་པའི་མཐའ་མ་བྲལ་བ་བདེན་མོད།
ཅིའི་ཕྱིར་ཆོས་ཉིད་འདིས་འུ་གཉིས་ཀྱི་ལས་དབང་ལ་འཐམས་བྱུང་།
བསམ་བཞིན་བསམ་བཞིན་དུ།
ལེ་བདའ་དང་འགྱོད་གདུང་གི་མིག་ཆུས་མཐོང་ལམ་སྒྲིབ་བྱུང་།

ཁྱོད་རང་བདག་ལ་མཚོན་ན།
ཆེས་བརྗེད་དུ་མེད་པའི་ལྷད་མེད་བཅོས་མིན་གྱི་བརྩམས་ཆོས་ཤིག་དང་།
ཆེས་ཡལ་དུ་མེད་པའི་བསམ་པའི་གཏིང་རིམ་གྱི་གྲིབ་གཟུགས་སྒེག་པོ་དེ།
རྒྱང་རིང་གི་གྲོགས་མོ་ཁྱེད་རང་ཡིན་ནོ། །