ལོ་ཟླའི་བར་གསེང་ཁྲོད་ནས། བསོད་ནམས་སྐྱིད།

རྩོམ་པ་པོ།:བསོད་ནམས་སྐྱིད། 2018-01-01
མཚོ་སྔོན་པོ་དྲ་བ།
རུས་མིང་། བསོད་ནམས་སྐྱིད།
འཛིན་གྲྭ། མཐོ་གཉིས་བདུན་འཛིན་གྲྭ།

     ལོ་ཟླའི་འཁོར་སྐྱོད་ཀྱི་དུས་རིམ་ཁྲོད་ནས་ངའི་མི་ཚེ་ལ་རྫོགས་ལྡན་གསར་བའི་ཉི་གཞོན་ཤར་བྱུང་། ཕྱིར་དྲན་གྱི་ན་སོའི་སྤང་ཁུག་ན་བདག་ལ་བརྗོད་ཀྱིས་མི་ལངས་བའི་གཏམ་རྒྱུད་རིང་མོ་ཞིག་དང་། བརྗེད་ཐབས་བྲལ་བའི་སྐྱིད་སྡུག་འདྲེས་མའི་ལོ་ཟླ་ཞིག་གིས་ཁེངས་ཡོད།
     ཁོད་ཡངས་བའི་རྩྭ་ཐང་དྲོན་མོའི་བདེ་སྣང་བདག་གིས་མྱངས་མེད་ལ། འབའ་འབའ་ལུ་གུའི་བརྩེ་དུང་བདག་ལ་ཐོབ་མེད། བདག་ལ་ཐོབ་པ་ནི་ཁོ་མོའི་ལྷད་མེད་ཀྱི་དགོད་སྒྲ་དེ་རེད། ཆུང་དུས་ཁྱེད་དང་མཉམ་དུ་བྱིས་པའི་གུར་ཁང་ཕུབ་དུས་ངེད་གཉིས་ནི་རྫིང་བུའི་གཏིང་གི་ཉ་ཕྲུག་དང་འདྲ་བར་ལུས་སེམས་ཡོངས་རྫོགས་སྤྲོ་སྐྱིད་ཀྱིས་ཁེངས་ཡོད། ད་དུང་ཆེས་ཐོག་མའི་མདུན་སྐྱོད་ཀྱི་གོམ་སྒྲ་དང་པོ་སྤོ་སྐབས་ཁྱེད་ཀྱིས་ངའི་ལག་ཟུང་ཕྲ་མོར་དམ་པོར་འཇུས་ཏེ་ཞལ་རས་དྲོན་མོ་ལས་འཛུམ་མདངས་ཤིག་དང་ཆབས་ཅིག་ཏུ་ལམ་ལ་ཆས། དེ་ལས་མཚོན་པ་ནི་ཁྱེད་ཀྱིས་བདག་ལ་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་པོ་མཉམ་ཁུར་བྱེད་ཅེས་པ་གཞི་ནས་རྟོགས་ཐུབ། དེ་ལས་མཚོན་པ་ནི་ཁྱེད་ཀྱིས་བདག་ལ་རྒྱང་རིང་གི་ཕུགས་འདུན་རིང་མོ་དེར་མཉམ་དུ་འཚོལ་སྙེགས་བྱེད་དུ་འགྲོ་ཅེས་པ་ཚོར་ཐུབ། དཔུང་བ་མཉམ་གཤིབ་ཀྱི་མདུན་སྐྱོད་ཁྲོད་ནས་བདག་ན་ཟུག་ཕྲན་བ་ུཞིག་གིས་ཕམ་པར་བྱས་ཏེ་ས་ལ་འགྱེལ་སྐབས། ཁྱེད་ཉིད་བདག་ཡ་ང་བའི་གནས་སུ་བསྒྱུར་བའི་ཚུལ་ལ་མ་བཟོད་པར་རང་གི་དྲོད་ཁོལ་དང་བཅས་ཏེ་རབ་ཏུ་སྐྱོང་། སྐབས་དེར་ཁྱེད་ཀྱི་གྲེ་བ་ལས་འབབ་པའི་པི་ལྦང་གི་སྒྲ་དབྱངས་ལྟ་བུའི་སྙན་འཇེབས་དགོད་སྒྲ་ལྷང་ལྷང་གྲགས་དུས་བདག་གི་སྐྱོ་གཞས་རིང་མོ་ཕར་ལ་སྐྱེལ་སྲིད། དགོད་སྒྲ་དེ་ཡི་ཁྲོད་ན་ཞུམ་མེད་ཀྱི་སྤོབས་པ་ཞིག་དང་ཡལ་མེད་ཀྱི་བརྩེ་བ་ཞིག་གིས་ཁེངས་ཡོད། དུས་དེར་ཁྱེད་ནི་ངའི་རྒྱབ་རི་སྨུག་པོ་དེ་ཡིན་ལ། དགོད་སྒྲ་དེ་ངའི་སེམས་ཀྱི་གངས་དཀར་ལ་འཕྲོས་པའི་འོད་ཉག་མ་དེ་ཡིན།
     བྱེའུ་ཆུང་འཇོལ་མོ་རྒྱང་ལ་འཕུར་བའི་དུས་དེར་ཁྱེད་ཉིད་ཀྱང་རྒྱང་རིང་གི་བཞུད་ལམ་དེར་ཞུགས་ཟིན་ལ། སེམས་ཀྱི་ཕུགས་འདུན་ཆེ་རུ་བསྐྱེད་དེ་ཁྱེད་ཀྱིས་བདག་བྱམས་ཀྱིས་སྐྱོང་བར་འདོད་མོད། གྲིབ་གཟུགས་སྡུག་གུ་དེ་མཐོང་ལམ་དུ་མ་གྱུར་ཞིང་། གཙང་ཆང་སྔོན་མོའི་འབབ་སྒྲ་ལ་ཉན་ཡང་ཁྱེད་ཀྱི་དགོད་སྒྲ་དེ་ཐོས་འཛིན་ཀྱི་བཅུད་དུ་མ་སྨིན། མཚམས་རེར་དཔྱིད་ཀྱི་ཕོ་ཉའི་སྐད་གདངས་ལ་ཉན་མོད་དགོད་སྒྲ་དེ་སྔར་བཞིན་ཐོས་མ་བྱུང་། གྱེད་བྲལ་སེམས་ཀྱི་མཆི་མ་མིག་ནས་འཆོར་ཞིང་སྐུ་གཟུགས་ཙ་རིའི་སྨྱུག་མ་ཅིས་ཀྱང་ལྡེམ་པ་མ་བྱུང་།
     ལོ་ཟླ་འདི་ལྟར་འཁོར་གྱིན་ཡོད་ལ་ཁྱེད་རང་འདི་ལྟར་ནམ་འཕང་བསྟད་དེ་འཕུར་འགྲོ་བ་སུས་ཡིད་དུ་འཆར། བསམ་གཞིགས་ཀྱི་མཛུབ་མོ་ནང་དུ་བཀུག་ནས་ཞིབ་འདང་བརྒྱབ་ན་འདབ་དྲུག་གཤོག་རྩལ་རྒྱས་པའི་ལྷ་བྱ་ཁྱོད་ནམ་འཕང་མ་བསྟད་ན་དོན་སྙིང་ཅི་ཞིག་མཆིས་པ་རྟོགས་བྱུང་ལ། བདག་གིས་ཀྱང་ཁྱེད་ཀྱི་སྙན་འཇེབས་དགོད་སྒྲ་དང་ལྷན་དུ་གནས་པའི་དགའ་སྐྱིད་འཚོ་བར་ཕྱིར་འོངས་མེད་པའང་ཤེས་སོང་། ལོ་ཟླ་ནི་དེ་བས་ཀྱང་ངོ་། །
     ཁོད་ཡངས་པའི་དབྱིག་འཛིན་སྒེག་མོའི་ཕངས་བ་རུ་འབྱོར་བ་ནས་བཟུང་ངེད་གཉིས་ནི་གྱེས་བྲལ་ལ་བསུ་མ་བྱེད་བཞིན་པའི་ལྕམ་སྲིང་ཡིན་ལ། དུས་ཚོད་ནི་ལོ་ཐོག་ཟླ་བརྩེགས་བཞིན་འཁོར་བའི་བམ་མཐུག་པའི་གྲངས་ཀ་དེ་ཅི་ལ་མིན། དེ་ལྟ་ན་ངས་ཁྱེད་ཀྱི་དགོད་སྒྲ་ཐོས་མི་ཐུབ་པ་དང་། ལོ་ཟླ་ཕྱིར་འོངས་མེད་པའི་དེར་འདང་རྒྱག་གིན་མགོ་རྨོངས་དོན་གྱི་རྒྱུ་མཚན་ཡེ་ནས་དབེན། རྒྱུ་མཚན་ནི་ཕྱིར་དྲན་ནི་ད་ལྟ་ཕྱིར་མིག་ཀློང་གི་ན་ཟུག་ཅིག་ཡིན་པ་ཤེས་སོང་།