སེམས་ཀྱི་དག་ཞིང་། བསོད་ནམས་རྒྱལ།

རྩོམ་པ་པོ།:བསོད་ནམས་རྒྱལ། 2018-06-04
མཚོ་སྔོན་པོ་དྲ་བ།

རུས་མིང་། བསོད་ནམས་རྒྱལ།
འཛིན་གྲྭ། མཐོ་གཉིས་འཛིན་གྲྭ་དང་པོ།

ཉི་འོད་འཚེར་ཞིང་ཟླ་འོད་ལྷན་དུ་འཆར།།
དྲོ་གྲང་སྙོམས་ཤིང་མཁའ་དབུགས་གཙང་ཞིང་དྭངས།།
བསིལ་རླུང་འཇམ་ཞིང་ཆུ་མོ་དལ་གྱིས་འབབ།།
རང་ཡུལ་གད་ཁུང་རང་གི་རྒྱན་དུ་འཇོག།

སྐར་ཚོམས་ས་ལ་ལྷུང་འདྲའི་མི་ཚོགས་དང་།།
མེ་ཏོག་རླུང་གིས་བསྐྱོད་འདྲའི་འདབ་ཆགས་དང་།།
སྤྲིན་པ་ས་རུ་འཐོར་འདྲའི་སྒོ་ཕྱུགས་སོགས།།
དུས་བཞིའི་འགྱུར་བའི་ཀློང་ན་བདེ་ཞིང་སྐྱིད།།

རྒྱལ་ཁམས་ཕན་བདེ་མ་ཎི་འཁོར་ཆེན་གཅིག།
དཀར་པོ་དུང་མདོག་མི་ཉག་མཆོད་རྟེན་གཉིས།།
གཟི་བྱིན་རབ་འབར་ལྷ་དཀར་རང་སྐྱེས་གསུམ།།
འོད་སྟོང་འཕྲོ་བའི་ཡུལ་འདི་རྟེན་གྱིས་ཕྱུག།

མ་ཎི་ངག་བཟློས་ཙན་དན་ཕྲེང་བ་ཅན།།
ཕྱི་ནང་ཐེད་པོ་དྲོད་ཀྱི་སློག་པ་ཅན།།
ཁ་ནང་འགྲམ་སོ་མེད་པའི་ངག་རྒྱུནཅན།།
གནའ་མི་རྒན་པོ་ཡུལ་འདིའི་རྒྱན་དུ་ཆེ།།

ཁ་མདོག་དམར་པོ་བྱུ་རུའི་མགུལ་རྒྱན་ཅན།།
ཕྱི་དབྱིབས་གོར་གོར་གདུ་བུའི་རྣ་རྒྱན་ཅན།།
སྐགས་ཀྱི་མཛེས་ཆ་དངུལ་གྱི་བཞོ་གཟུང་ཅན།།
རྒྱན་ཆས་སྤྲས་པའི་སྨན་ཤར་འདི་ན་ཡོད།།

ཤེས་བྱའི་གནས་ལ་འགྲིམས་པའི་སྨྱུག་ཐོགས་ཅན།།
སློབ་རའི་སྒོ་ཐེམ་སྙེག་པའི་བསམ་བློ་ཅན།།
རིགས་ཀྱི་བློ་གསལ་དཔེ་ཆའི་ཁུག་མ་ཅན།།
འབྱུང་འགྱུར་རེ་ལྟོས་སློབ་མའི་དཔུང་འདི་མཚར།།

སྡོང་འཛུགས་ནགས་སྐྲུན་ཁོར་ཡུག་སྲུང་སྐྱོབ་དང་།།
ས་ཞིང་རྨོ་འདེབས་བྱེད་ཅིང་ལོ་ལེགས་སྨིན།།
འགྲིམ་འགྲུལ་སྟབས་བདེ་ཡོང་ཆེད་གཞུང་ལམ་བསྐྲུན།།
དཀའ་སྡུག་ངལ་རྩོལ་དམངས་ཀྱི་རྔུལ་ཆུས་ཤན།།

གཞན་ཡང་སློབ་གསོའི་ལས་དོན་སྐྱོང་བ་དང་།།
མི་རིགས་དར་རྒུད་རྒྱུན་དུ་གླེང་བ་དང་།།
སྤྱོད་ཚུལ་བཟང་ལ་སྒྲུབ་ཚུལ་བློར་ཡག་པའི།།
སྐྱེ་བོ་རྨད་བྱུང་འགའ་ཡང་འཁྲུངས་པ་ཐོས།།

ཟླ་ཚེས་བཟང་བོར་རྟ་རྒྱུགས་རྒྱལ་འཇོག་དང་།།
ས་སྒྱེ་འགྱོག་རེས་དང་ནི་ཐག་འཐེན་དང་།།
རིང་རྒྱུག་ཐུང་རྒྱུག་ལྒང་རྒྱག་འགྲན་སྡུར་སོགས།།
གནའ་དེང་ཟུང་གི་ལུས་རྩལ་རྣམ་གྲངས་མང་།།

མཐུན་སྒྲིལ་དམ་སྲུང་འོ་ཆུ་གཅིག་འདྲེས་དང་།།
བསམ་བློ་གཏོང་མཁས་སྙིགས་དོར་བཅུད་ལེན་དང་།།
ཡིད་སེམས་རབ་གཙང་ཁ་ཞེ་གཉིས་མེད་གཏམ།།
རང་ཡུལ་གད་ཁུང་འདི་ན་མངོན་པར་རྫོགས།།

2016ལོའི་ཟླ6པའི་ཚེས1ཉིན་བྲིས།