ཁྲག་གསེང་དུ་ཐིམ་པའི་བརྩེ་དུང་གི་རྒུན་ཧྭགས། རྡོ་རྗེ་རིན་ཆེན།

རྩོམ་པ་པོ།:རྡོ་རྗེ་རིན་ཆེན། 2018-06-04
མཚོ་སྔོན་པོ་དྲ་བ།


རུས་མིང་། རྡོ་རྗེ་རིན་ཆེན།
འཛིན་གྲྭ། མཐོ་གཉིས་འཛིན་གྲྭ་བཅུ་བ།


དཔེ་ཁུག་ལྕི་བོ་ཞིག་རྒྱབ་ཏུ་ཁུར་ཏེ།།
སྐྱེས་ཡུལ་ཧང་གཞུང་ལ་གྱེས་གླུ་ལེན་བཞིན།།
ཧང་ཆུའི་འབབ་རྒྱུན་གྱི་ཀོ་གྲུར་བསྡད་དེ།།
རྨ་ཆུའི་འབབ་ཚིགས་ཀྱི་ཁྲི་ཀར་འབྱོར་སོང་།།

རྒྱབ་རི་ལྷུན་ཆགས་ཅིང་སྤྲང་བོའི་ངོ་གདོང་།།
མདུན་རི་ལྷུན་ཆགས་ཤིང་སྤྲང་བོའི་ངོ་གདོང་།།
གཞན་ཡུལ་ཆ་མེད་ཀྱི་མི་བུ་རྒྱུས་མེད།།
འདི་གའི་ས་མཐའ་རུ་ལས་དབང་འཕྲོད་སོང་།།

སྐྱ་ཐང་ངེ་བ་ཡི་ལུང་གཞོངས་འདི་ན།།
མཛེས་རིས་སྣུམ་པོ་ཡི་ཆ་ཤས་འཛོམས་པ།།
གོས་ལྗང་ཐང་བཀླུབས་ཀྱི་ནགས་ཀློང་དེ་དང་།།
དེ་ལས་ལྷག་སྣུམ་གྱི་ཁོ་མོའི་འཛུམ་རྒོད།།

གནས་ལྔའི་སྐྱེད་ཚལ་གྱི་རིག་པའི་གཤོང་ནས།།
ཕོ་མོའི་བརྩེ་དུང་གི་གཤིན་ས་རྨོས་ཤིང་།།
དུང་བ་གསར་འདེབས་ཀྱི་ས་བོན་རོག་པོར།།
བརྩེ་བ་འབྲས་བཟང་གི་མྱུ་གུ་འབུས་སོང་།།


སློབ་མའི་བརྩེ་དུང་ལ་ཚད་ཐིག་འབྲི་དགོས།།
དེ་ལས་ལྷག་པ་ཡི་བརྟན་ཚིགས་ལོས་མཁོ།།
སྔོན་ནི་བརྩེ་དུང་གི་ཟུང་གྲུར་བསྡད་མྱོང་།།
ཁ་ལོ་མ་ཐུབ་པས་ཁ་ཕྱོགས་ནོར་མྱོང་།།

དེ་ཉིན་ལྐོག་གྱུར་གྱི་གྲུ་དེར་སྡོད་དུས།།
སེམས་སུ་ཞི་དུལ་གྱི་ཚོར་བ་བྱུང་ཐལ།།
གཏུམ་ཅན་མཚོ་རླུང་གི་འཇིགས་པ་མ་ཚོར།།
གཤེད་མའི་མཚོ་རླབས་ཀྱི་ཉེན་ཁར་མ་ཐུག།

ནམ་རྒྱུན་འགྲུལ་བཞུད་ཀྱི་ལམ་ལ་ཆས་དུས།།
ཉིན་རྒྱུན་དབང་མེད་ཀྱིས་གྲུ་དེར་སྡོད་དུས།།
དུས་རྒྱུན་བདེ་བླགས་ཀྱིས་དམིགས་སར་འབྱོར་དུས།།
འགྲུལ་སྤྱད་ཡིན་ནའང་འོ་ཞིག་བྱེད་འདོད།།


རེས་གཟའ་སྤེན་པ་ཡི་དགོང་དྲོའི་དུས་སུ།།
ཕྲག་པས་ཕན་ཚུན་ལ་གཙུབ་ཞོར་གཙུབ་ཞོར།།
གཟའ་འདིའི་སློབ་སྦྱོང་གི་གནས་ཚུལ་གླེང་དུས།།
ཁོ་མོ་མལ་ཁང་གི་སྒོ་ཁར་སྐྱེལ་དགོས།།

ཕྱི་ཉིན་དཀར་ཆུང་གི་འབྲི་དེབ་ཅིག་ལ།།
རྗེས་མའི་སློབ་སྦྱོང་གི་འཆར་བཀོད་ཅིག་དང།།
དུངས་བ་དངོས་གནས་ཀྱི་འདང་ཚིག་དང་བཅས།།
བསྐུར་བའི་ཕོ་ཉ་རུ་མངགས་དགོས་བྱུང་སོང་།།

ཤེས་བྱའི་གདམས་ལེན་གྱི་ལས་ལ་བརྩོན་དུས།།
ངེད་གཉིས་འབྲེལ་བ་ནི་སློབ་ཀྱི་གྲོགས་ཡིན།།
སློབ་གསེང་ཁོར་ཡུག་གི་ནང་ནས་འཛོམས་ཚེ།།
དགོད་འཛུམ་དང་བཅས་དུང་བར་འཁྱུད་ཡོད།།

ཁོ་མོས་དམར་མདངས་ཀྱི་ངོ་ཤ་ཚ་ཞོར།།
རྣམ་དག་དུངས་བ་དེ་རྡོ་རྗེ་བྲག་རི།།
འགྱུར་མེད་བརྩེ་བ་འདིར་བདག་གཅེས་བྱོས་དང་།།
ཚེ་འདིའི་དྲན་ཤིང་གི་རི་མོ་ཡིན་ཟེར།།

ངས་ཀྱང་དྲོད་འཇམ་གྱི་ལག་པར་འཇུ་ཞོར།།
སེམས་པ་གཙང་མ་དེ་ཁྲི་ཀའི་རྨ་ཆུ།།
དྭངས་མའི་འཁྲེང་ཞེན་འདིར་གཅེས་སྤྲས་ལོས་བྱེད།།
ཁྱོད་ཉིད་འདི་ཕྱི་ཡི་དཀར་འོད་ཡིན་ཟེར།།

གལ་སྲིད་ལས་དབང་གི་གྲང་རླུང་དེ་ལ།།
བརྩེ་བ་ཟམ་ཟིམ་གྱི་ཤེས་པ་ཡོད་ན།།
རྒྱ་སེ་མེ་ཏོག་གི་འདབ་མ་མ་བཀུམ།།
དུང་བའི་སྦྲང་ཆུང་འདི་འབབ་ས་མེད་ཁི།།

ཁོ་མོ་ཁྲག་གསེང་གི་རྒུན་ཧྭགས་ཇི་བཞིན།།
དུངས་བ་འཚོ་བཅུད་ཀྱི་ལུས་སུ་སྤྲུལ་ཏེ།།
ལུས་སེམས་བདེ་གསོས་ཀྱི་ཚོར་འདུ་ལུད་པ།།
མངར་ཆ་འཛོམས་རྒྱུ་ན་ཅི་ཡིན་བཟའ་འདོད།།