ང་ཡི་སེམས། ཟླ་ཚང་རྡོར་བྱམས།

རྩོམ་པ་པོ།:ཟླ་ཚང་རྡོར་བྱམས། 2018-06-04
མཚོ་སྔོན་པོ་དྲ་བ།

རུས་མིང་། ཟླ་ཚང་རྡོར་བྱམས།
འཛིན་གྲྭ། མཐོ་གཉིས་འཛིན་གྲྭ་བདུན་པ།

ང་ཡི་སེམས་ནི་རྣང་ཞིང་ཟུར་གསུམ་ཞིག།
གཤོལ་གྱིས་བྲིས་པའི་རི་མོ་རེ་རེ་ནི།།
སེམས་ཀྱི་ཟབ་སར་ཟུག་པའི་རྨ་ཁ་སྟེ།།
མྱུ་གུས་སྦྲང་ཆར་སྩོལ་བར་རེ་ཞིང་སྒུག།

ང་ཡི་སེམས་ནི་མེ་ལོང་སྒོར་སྒོར་ཞིག།
མེ་ལོང་མཐའ་རུ་འཁྱམ་མྱུལ་ཟླ་བ་ངུ་།།
མུན་པ་གཅིག་ཏུ་བསྡུས་ནས་མིག་ཆུ་འདོན།།
ས་དང་རྒྱ་མཚོ་བསྒྲིབས་ནས་འཇིགས་སྣང་སྐུལ།།

ང་ཡི་སེམས་ནི་ཤོག་ལྷེ་དཀར་པོ་ཞིག།
སྐྱ་རིས་ཕབ་ཀྱང་ཚོས་སྣ་བྱུགས་མ་བྱུང་།།
འཇའ་ཚོན་སྣ་ལྔ་རྒྱགས་སུ་བསྣམས་པ་ན།།
གཡོ་ཟོལ་འཆལ་མོ་ཞིག་གི་རྣ་ཏོག་བྲིས།།

ང་ཡི་སེམས་ནི་རྟོག་བཟོ་ཚུལ་འཆོས་ཤིག།
ལན་རེར་གདོང་འབག་གྱོན་ནས་གླིང་བཞི་འགྲིམས།།
མཚམས་རེར་གོ་ཁྲབ་གྱོན་ནས་གཡུལ་ལ་བཀྱེས།།
ཕུ་ཐུང་ནང་ལ་བོའུ་ཐུང་བཅངས་ནས་འགྲོ།།

ང་ཡི་སེམས་ནི་ཅང་ཤེས་རྒོད་པོ་ཞིག།
སྣང་བ་རླུང་ལ་བཅངས་ནས་ལང་ཚོ་སྤུར།།
གཤོག་པ་དཀར་པོ་ཐོགས་པའི་མཐུར་མེད་ང་།།
རླུང་དང་བསྡེབས་ནས་མེ་འོད་ལྗང་ཁུར་མཆོངས།།

ང་ཡི་སེམས་ནི་སྔོ་ལྗང་ལྗོན་ཤིང་ཞིག།
སྟོན་རླུང་རྩུབ་མོས་ལོ་འདབ་རྡུལ་དུ་བསྲེས།།
ཅོལ་ཆུང་སྐྱག་བྱེའུ་མཆུ་ཏོས་གཙེ་ཞིང་སློག།།
ཡལ་ག་རེ་རེ་སྟེང་ནས་ཁྲག་དམར་བརྡོལ།།

ང་ཡི་སེམས་ནི་ཞག་གཅིག་མགྲོན་པོ་ཞིག།
ཨ་རག་བཟི་ཁས་ཡ་ཆུང་སྟེང་འོག་འགྱུ།།
ཉ་ཉོག་གཏམ་གྱིས་མེས་པོའི་རྐང་གླིང་འབུད།།
ཚུལ་མིན་སྤྱོད་པས་ཕ་ཡི་རུས་པ་འཆའ།།

ང་ཡི་སེམས་ནི་གཞལ་མེད་ཕུང་བོ་ཞིག།
ལན་རེར་ལྗིད་མོ་ལྗིད་མོ་དྲུད་དང་མཚུངས།།
སྐབས་རེར་ཡང་མོ་ཡང་མོ་གཡུགས་དང་འདྲ།།
འཇལ་ནི་མི་ནུས་གཞལ་ཡང་མི་ཐུབ་བོ།།