སློབ་ཁང་། ཕག་མོ་ཚེ་རིང་།

རྩོམ་པ་པོ།:ཕག་མོ་ཚེ་རིང་། 2018-09-20
མཚོ་སྔོན་པོ་དྲ་བ།
རུས་མིང་། ཕག་མོ་ཚེ་རིང་།
འཛིན་གྲྭ། བརྒྱད་དྲུག་འཛིན་གྲྭ།
     ཤེས་བྱ་ཡི་འབྱུང་ཁུངས་ཏེ། སློབ་ཁང་ནི་སློབ་མ་རྣམས་ཀྱི་དགའ་སྐྱོ་ཆགས་སྡང་ལུད་པའི་ཞིང་ས་ཡིན་ལ། ཤེས་རབ་ཀྱི་བདུད་རྩི་མྱང་བའི་གནས་མཆོག་ཀྱང་ཡིན།
     ལོ་ཟླ་ཇི་འདྲའི་རྒས་ཀྱང་འགྱུར་བ་མེད་པ་ནི་སློབ་ཁང་གི་འཚོ་བ་རེད། སློབ་ཁྲིད་གྲོལ་མ་ཐག་སློབ་ཁང་གི་སྒོ་གླགས་ཕྱེ་ན་ཆ་འགྲིག་པའི་ཅོག་ཙེ་སྟར་ལ་བརྒྱུས་པའི་སྟེང་མཚོ་མོ་ལྟར་བསྐྱོམས་པའི་སློབ་མ་རྣམས་འདུ་འཛིའི་ཁེངས་ཡོད་ལ། ལ་ལས་འདེད་རེ་བྱེད་པ་དང་། ལ་ལས་སྐད་རྒྱག་པ། ལ་ལས་གནམ་ལྡིང་ས་ལྡིང་བྱས་ཏེ་སློབ་ཁང་ནི་སྒྱུ་རྩལ་གྱི་གླིང་ག་ཞིག་ཏུ་བསྐྲུན་ངེས་ཡིན། སློབ་ཁྲིད་ཚོགས་པ་ན་སློབ་གྲོགས་ཚོ་རིག་པ་སྐྲ་རྩེ་ན་རྒྱུ་ཞིང་འཇམ་དབྱངས་གང་ལོ་མའི་བླ་མའི་བསྟོད་པ་དབྱངས་ལ་གྱེར་ནས་དགེ་རྒན་ལ་ཁམས་བདེ་ཞུ་ཞིང་། རྩྭ་ཐང་དུ་བཞད་པའི་སྣ་བརྒྱའི་མེ་ཏོག་ལྟར་མཚར་ཞིང་པད་མའི་ཚལ་གྱི་བུང་བ་ཇི་བཞིན་ཤེས་རིག་གི་སྦྲང་རྩི་བཏུང་བར་རྔམ།
     སློབ་ཁང་གི་བཀོད་པ་ནི་སྲིད་རིང་ལ་དཔངས་མཐོ་བའི་གློག་རྡུལ་སྒོ་སམ་གྱིས་མདུན་གྱི་གྱང་ངོས་གཡོགས་ཤིང། ཁྲིད་སྟེགས་གི་ཅོག་ཙེའི་ཆུབ་ཆུང་དེའི་སྟེང་དུ་ས་སྨྱུག་དང་དཔེ་དེབ་དྲང་མོར་སྒྲིག་ཡོད་ལ། སློབ་ཁང་གི་གཡས་ཀྱི་གྱང་ངོས་སུ་སློབ་སྐབས་རེ་རེར་བླང་བའི་གཟི་བརྗིད་དཔང་ཡིག་གི་ཕྲེང་བ་ཡོད། གཡོན་ཕྱོགས་སུ་སློབ་འབྲིང་སློབ་མའི་སྲུང་བྱ་དང་སློབ་ཁྲིད་རེའུ་མིག འཛིན་གྲྭའི་རྩ་བའི་གནས་ཚུལ་སོགས་སྦྱར་ཡོད། རྒྱབ་ཕྱོགས་སུ་ཚགས་ཤོག་འབྲི་སའི་ནག་པང་ཡོད་ལ། དུས་ཆེན་རེ་རེ་དང་གནས་ཚུལ་གསར་བ་ཡོད་ཚེ་ནག་པང་གི་ནང་དོན་དང་ཇུས་འགོད་བསྒྱུར་དགོས། སློབ་ཁང་གི་མཐིལ་ནི་སློབ་གྲོགས་ཚོས་རྐང་བས་བརྡར་ནས་ཤེལ་དྲང་བར་འོད་འཁྱུག་པའི་ངོས་སུ་ང་ཚོའི་སློབ་སྦྱོང་གི་འཚོ་བའི་རི་མོ་སིམ་ཡོད་ལ། སློབ་ལ་འབད་པའི་དན་རྟགས་ཤིག་ཏུ་ཡང་འཁུམས།
     གནས་འདི་ནས་ང་ཚོས་གཏི་མུག་གི་སྤྲིན་ནག་གཏོར་ཞིང་རྣམ་གཡེང་གི་བག་མ་སྒོར་བུད་མྱོང་ལ། བླུན་རྨོངས་ཀྱི་འཇིགས་སྣང་བསད་དེ་སློབ་སྦྱོང་གི་རྒྱལ་མཚན་བསྒྲེང་མྱོང་། 
     སློབ་ཁང་ལགས། ཁྱེད་ནི་བྱམས་བརྩེ་ཡི་དྲོད་ཚད་དེས་ཇོ་མོ་གླིང་མའི་ཁ་བ་བཞུ་ཐུབ་ཅིང་། ཁྱེད་ཀྱི་ཡངས་པའི་བློ་ཁོག་དེར་ཅང་ཤེས་ཀྱིས་བང་རྩལ་འགྲན་ཆོག་ཨང་།
     སློབ་ཁང་ལགས། ཁྱེད་ནི་ང་ཚོའི་མ་ཡུམ་གཉིས་པ་ཡིན་ལ། ཁྱེད་ཀྱི་པང་ནས་ནར་སོན་པའི་མི་བུ་དག་སའི་གོ་ལའི་སྒལ་གཞུང་ནས་འགྲེང་སྟེ་མི་ཡུལ་ལ་ཤེས་རིག་གི་ས་བོན་འབེལ་པོ་གཏོར་བར་གདོན་མི་ཟ།