སྒོ་སམ། ཡུམ་སྐྱིད།

རྩོམ་པ་པོ།:ཡུམ་སྐྱིད། 2018-09-20
མཚོ་སྔོན་པོ་དྲ་བ།


སྒོ་སམ།

རུས་མིང་། ཡུམ་སྐྱིད།
འཛིན་གྲྭ། བདུན་བཞི་འཛིན་གྲྭ།
     སྒམ་བརླིང་ལྡན་པའི་སྒོ་སམ་ནག་པོ། མངོན་ཆུང་གི་གཤིས་ཀ་དང་གསོན་ཤུགས་ཀྱི་དཔལ་འབར་བའི་སྒོ་སམ་གྲུ་བཞི། ཁྱེད་ལ་ཐུལ་དཀར་འབྲི་མོའི་འོ་མ་བཞིན་དཀར་བའི་ལྷག་བསམ་དྲོད་མོ་དང་གཡོ་སྒྱུའི་དྲི་མས་མ་སླད་པའི་བླ་སྲོག་གཙང་མ་ཞིག་ཡོད་ལ། ད་དུང་ཞུམ་པ་མེད་དཔའ་དང་གསེར་ལས་དཀོན་པའི་ཤེས་རབ་ཀྱི་རྒྱ་མཚོ་འཁྱིལ་ཡོད།
     སྙིང་རྗེ་མེད་པའི་དུས་ཚོད་དང་ལོ་ཟླ་ནི་ནམ་མཁའི་སྐར་མདའ་བཞིན་འདས་ཀྱང་། ཁྱེད་ཀྱིས་དུས་ཚོད་སྐར་ཆ་གཅིག་ཀྱང་ཆུད་ཟོས་སུ་མ་བཏང་བར་ང་ཚོ་ལ་རིག་གནས་ཀྱི་འོད་སྣང་སྤྱིན་གྱིན་ཡོད།
     ཀྱེ། སྒོ་སམ་ལགས། ཁྱེད་ཀྱིས་ང་ལ་གསུངས་རོགས་གནོང་དང། བསྐལ་བ་ཅི་ཙམ་ཞིག་ལ་སློབ་བུ་ག་ཚོད་ཅིག་ལ་ཤེས་རིག་གི་རྒྱགས་ཕྱེ་འབྱིན་ནས་རྣམ་དཔྱོད་ཀྱི་ལུས་སྟོབས་གསོས་ཡོད་དམ། འོན་ཀྱང་སློབ་བུ་ག་ཚོད་ཅིག་གིས་ཁྱེད་ལ་གཅེས་འཛིན་མ་བྱས་པར་འགྱོད་གདུང་གི་རྨ་ཁ་བཟོས་པ་བགྲང་གིས་མི་ལང་། དེ་ལས་ལྡོག་སྟེ་ང་ཚོའི་ཞིང་འབྲོག་གི་དམངས་ཚོགས་མང་བོ་ཞིག་ལ་ཁྱེད་དང་འཇལ་བའི་འདུན་པ་ཅི་འདྲའི་ཆེ་ཨང་།
     གལ་སྲིད་ཁྱེད་མེད་ན། ང་ཚོ་ལ་ཤེས་རིག་གི་ལྗོན་འབྲས་སྨིན་མི་ཐུབ་ལ། རྣམ་དཔྱོད་ཀྱི་དབྱར་མཚོ་རྒྱས་མི་སྲིད། དེ་བཞིན་དེང་རབས་ཅན་བཞི་མངོན་དུ་གྱུར་དཀའ་ལ། རིག་གནས་ཀྱི་ཁྱིམ་ར་དང་བདེ་སྐྱིད་ཀྱི་འཚོ་བ་འདི་འདྲ་གང་ན་ཡོད།
     ཁྱེད་མེད་ན། སྟག་ཤར་གཞོན་ནུའི་རྒྱལ་ཁམས་འགྲིམ་མི་ཐུབ་ལ། སྨན་བུ་མོའི་ཤེས་རིག་གི་ལང་ཚོ་དར་མི་ཐུབ།
     ཁྱེད་མེད་ན། མིག་རྒྱང་ཅན་དུ་རློམ་པའི་ཚ་བོ་ཚ་མོ་ཚོས་འུ་ཅག་གི་ཕ་སྐད་སློབ་པའི་བསྐལ་བའང་ཡོད་མི་སྲིད།
     སྤྱིར་བཤད་ན། ཁྱེད་ནི་གཞོན་ནུ་རྣམས་ཀྱི་ཕུགས་བསམ་མངོན་པའི་ཞིང་ས་གྲུ་བཞི་ཡིན། ཁྱེད་ནི་ང་ཚོ་སྐོམ་པའི་དུས་ཀྱི་བཏུང་བྱ་དང་བཀྲེས་པའི་དུས་ཀྱི་མར་རྩམ་ལགས།

གཡང་སྡེ་ཕྱུག་མོ།

     སྨན་ཆུང་བུ་མོ་ང་ཡི་འཚར་ས་ནི་མང་རྫོང་མགོ་མང་གྲོང་བརྡལ་གྱི་ཤར་ཕྱོགས་སུ་ཡོད་པའི་སྟོང་སྐོར་སྡེ་བ་ཡིན། ངའི་ཕ་ཡུལ་དུ་ས་ཆ་གཞན་དང་མི་འདྲ་བའི་མཛེས་སྡུག་གི་ཁྱད་ཆོས་གཅིག་ཀྱང་མེད་མོད། འོན་ཀྱང་སྡེ་མི་ཚང་མ་ཆིག་སྒྲིལ་གྱི་ཨ་ལོང་དམ་ཞིང་འབད་བརྩོན་གྱི་དམིགས་པ་གསལ་ལ། སྡེ་གོང་འོག་འཆམ་ཞིང་མཐུན་པོ་ཡིན། དེ་བས་ངའི་ཕ་ཡུལ་ཕྱོགས་གང་གི་ཐད་ནས་ཀྱང་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་སུ་འགྲོ་བའི་རྩ་བ་ནི་དད་པའི་རྩ་བ་བརྟན་ཞིང་རྩེ་མོ་རྒྱས་པའི་སྟོབས་ཀྱིས་ཆོས་ས་ཆོས་ཡུལ་དུ་འབོད་པས་ཡིན།
     དེ་ཡང་སྐྱ་རེངས་ཀྱི་ཐོག་མ་ཤར་ཕྱོགས་རི་བོའི་ཟོམ་ནས་ཤར་དུས། སྟག་ཤར་གཞོན་ནུས་རི་མཐོན་པོའི་མཐོ་ནས་ལྷ་བསང་བཏང་ཞིང་ཁ་ལས་ཀྱི་རླུང་རྟས་གནམ་ས་འགངས་ལ། བསང་དུད་ཀྱི་སྨིག་སྤྲིན་སུམ་རྩེན་ཡུལ་དུ་འཐེན།
     དགུང་ཨ་སྔོན་གོས་ཆེན་གྱི་གོང་ཁ་ནས་ཁྲི་གདུགས་ཉི་མ་ལྷོད་ཀྱིས་འཛུམ་དུས། སྨན་ཆུང་བུ་མོ་ཚོས་སྦྲ་ནག་གྲུ་བཞིའི་འདབས་རོལ་ནས་གཡང་གི་འབྲི་མོའི་ངུར་སྒྲ་དང་བཞོ་དབྱངས་ནི་མཉམ་སྒྲོག་རོལ་དབྱངས་ཤིག་དང་འདྲ་བར་རྩྭ་ཐང་གི་ཡུལ་གྲུ་ཀུན་ཏུ་ཁྱབ་ཅིང་། འོ་མས་བལྟམས་པའི་བཞོ་ཟེའུ་ཁ་ནས་མཆོད་གསུམ་འཕངས་རྗེས་གསོལ་ཇ་མངར་མོ་དྲིན་ཆེན་ཕ་མར་འདྲེན།
     གཡང་སྡེ་ཕྱུག་མོའི་ནི་བཙན་པོའི་སྟོང་སྡེ་ལས་མཆེད་སྐད། ང་ཚོའི་སྟག་ཤར་ལ་ཆེན་པོ་བོད་ཀྱི་དཔའ་རྩལ་མངའ་ཞིང་སྨན་ཆུང་མཛངས་མའི་ཡོན་ཏན་འཛོམས།
     ཕ་ཡུལ་ནི་སེམས་པ་ལྷོད་ལ་བབས་ཏེ་ངལ་གསོ་ས་དང་འདས་མ་ད་གསུམ་གྱི་བསམ་གཞིག་གཡང་ལ་ལྷུང་ས་ཡིན།
           སྔོ་བསངས་ནམ་མཁར་སྤྲིན་གར་ལང་ལོང་རྒྱུ།།
           ལྗང་མདོག་སྤང་ན་སྟོང་ལུག་སྐར་ཆོགས་བཀྲ།།
           ལུག་རྫི་བུ་མོས་གླུ་སྐད་གང་སར་ཁྱབ།།
           གནས་མཆོག་གཡང་སྡེ་ཕྱུག་མོའི་ངོ་སོ་བསྟོད།།