སྐད་ཡིག་དགེ་རྒན། རྟ་མགྲིན་དབང་རྒྱལ།

རྩོམ་པ་པོ།:རྟ་མགྲིན་དབང་རྒྱལ། 2018-09-20
མཚོ་སྔོན་པོ་དྲ་བ།

རུས་མིང་། རྟ་མགྲིན་དབང་རྒྱལ།
འཛིན་གྲྭ། བདུན་བཞིའི་འཛིན་གྲྭ།
     ཁོང་གིས་རིག་གནས་ཀྱི་སྐས་རིམ་ལ་གོམ་པ་གང་རེ་གང་རེ་སྤོས་ཏེ། དཀའ་སྡུག་ཡོད་ཚད་རང་ཉིད་ཀྱིས་གཅིག་རེ་གཅིག་བྱས་ནས་ཁྱད་དུ་གསད་ནས་དགེ་རྒན་གྱི་ལས་གནས་འདི་བསྐང་སྐད།
     རིག་གནས་ཀྱི་ཟེའུ་འབྲུ་རྒུམ་པའི་རྐང་དྲུག་ང་ལ་མཚོན་ན། སློབ་མར་ཤ་ཚ་ཞིང་སྙིང་ཉེ་བའི་སྐད་ཡིག་དགེ་རྒན་འདིར་འཕྲད་པ་ནི་བསྐལ་བཟང་དང་ཚོགས་བསགས་ཤིག་ཏུ་རློམ་ནས་ཡོད། ནངས་སྔ་མོ་སྐྱོར་སྦྱོང་ནས་དགོང་མཚན་ཚོགས་གྲོལ་བའི་བར་དུ་ཉིན་གང་བོའི་སློབ་སྦྱོང་གི་འཚོ་བ་ཡོངས་སུ་འཛིན་པའི་དགེ་རྒན་གྱིས་དྲིན་ཕ་ལོ་ལྟར་རེ་བ་ཡོད་ཚད་ང་ཚོ་ལ་བཅངས་ནས་ཡོད། ང་ཚོའི་མ་འོངས་པའི་ཆེད་དུ་དཔེ་རང་ལ་བཞག་སྟེ་གླུ་གཞན་ལ་ལེན་དགོས་ཞེས་རང་དཔེ་གཞན་སྟོན་གྱིས་བྱ་བ་གང་ཞིག་བསྒྲུབས་ཀྱང་བསམ་ཕོད་པ་དང་བསྒྲུབ་ཕོད་པ་ཞིག་ཡིན།
     ཁོང་གི་དཔྲལ་བའི་དབྱེས་ཆེ་ཞིང་ཞལ་རས་གསལ་ལ་འོད་མདངས་རྒྱས་ཡོད་ལ། སྤྱན་རས་ཟུང་ནི་བརྩེ་བས་གཏམས་ཤིང་བྱམས་པས་བརྟས་འདུག ཐགས་བཟང་ཚེམས་ཀྱི་དཀྱུས་བར་ཕྱེ་བ་ནི་ཕོ་སོ་སྒོ་ཅན་ལ་འཆད་ཡ་མེད་ཅེས་པ་ལས་མ་འདས་པར་སྣང་ལ། དབུ་སྐྲ་ལུ་གུའི་ཚར་ལོ་ལྟར་འཁྱིལ་ཞིང་ཐོད་ས་ཆེ་བ་ཞིག་ཡིན།
     ང་ཚོས་ཁོང་གི་ཡོན་ཏན་འཛའ་བ་མེད་པར་སྦྱང་དཀའ་ནའང་། ཆ་ཤས་ཙམ་ཞིག་ཐོབ་པར་ཤུགས་རྒྱག་བཞིན་ཡོད། ལྷག་པར་དུ་ང་རང་ཡིད་སྨོན་འཆོར་ས་ནི་ཁོང་གི་རྐང་དྲང་ལ་བརྗིད་ཆགས་པའི་ཡིག་གཟུགས་དེ་ཡིན་པས། ནམ་རྒྱུན་བདག་གིས་ཁོང་གི་ཡིག་གཟུགས་ལད་མོ་བྱས་ཏེ་སྦྱང་བ་ལྷོད་མེད་བྱས་མཐར། ད་ལྟ་བདག་གི་ཡིག་གཟུགས་ཀྱང་འཛིན་གྲྭའི་རྩེ་གྲས་སུ་སླེབས་ཡོད།
     ཁོང་ནི་བདག་གི་བོད་སྐད་ཡིག་དགེ་རྒན་ཡིན་པར་མ་ཟད་འཛིན་བདག་ཀྱང་ཡིན། ཁོང་གིས་དོན་དངོས་ནས་མགོ་ཚུགས་དགོས་ཤིང་རང་ཉིད་ནས་མགོ་རྩོམ་པ་ནི་བྱ་བ་ལེགས་ལམ་དུ་འགྲོ་བའི་སྔ་ལྟོས་ཡིན་ཞེས་ཁ་མ་ནི་བསྒྲེང་བསྒྲེང་བྱས་ཏེ་བཤད་ཅིང་། ད་དུང་རྣ་ལམ་དུ་འཇགས་ནས་ང་ལ་ནམ་ཡང་སྐུལ་མ་བྱེད་བཞིན་ཡོད།
     ང་ཚོ་ནི་སློབ་སྦྱོང་གི་ཁ་དབུགས་གསར་བའི་ཁྲོད་འཚར་ལོངས་འབྱུང་བཞིན་པའི་སྣ་འཛོམས་མེ་ཏོག་གི་ལྟུམ་ར་ཆུང་ཆུང་འདིའ་རྒྱན་དུ་ཆེ་ལ། ཁོང་ནི་འཚར་སྡུག་གི་མེ་ཏོག་ར་བ་འདི་གཉོར་སྐྱོང་བྱེད་མཁན་གྱི་མ་མ་ལགས།
     ཁྱེད་ཀྱི་ལང་ཚོ་སྒང་གི་དར་ལྕོག་བཞིན་སློབ་གསོའི་གྲུ་ག་གང་རུང་ནས་ཟད་ཅིང་། ཁྱེད་ཀྱི་མི་ཚེ་མར་མེ་བཞིན་ང་ཚོའི་དོན་དུ་སྦར་ནའང་། ལེ་བདའ་དང་འཁང་རའི་ཁུན་སྒྲ་ཙམ་ཡང་ཐོས་མ་མྱོང་།
ད་ལྟ་ད་དུང་ཡང་རང་ཉིད་ཀྱི་བླ་སྲོག་རླབས་ཆེན་གྱི་བྱ་བཞག་འདིར་བསྟིམས་མུས་ཡོད་ལ། ལང་ཚོ་ནི་ས་སྨྱུག་གི་རང་བཞིན་ལྟར་རྡུལ་དུ་བརླགས་ནའང་རིག་གནས་ཀྱི་ཞབས་རྗེས་འཇོག་པར་བྲལ་པས། ཁོང་ནི་ངེད་བཙན་པོ་རུ་དཔུང་ཚང་གི་དར་ཆ་དང་། ངེད་མགོ་སྦྲ་གྲུ་བཞིའི་ཀ་བ་དང་གདུང་མ་ཡིན།

ཀ་རྩོམ།

                ཀ་ཁའི་དབྱངས་གསལ་སོ་བཞི་རྒྱན་དུ་ཆེ།།
                ཁ་བ་གངས་རིའི་ལྗོངས་ཀྱི་གྲོགས་པོ་ཚོ།།
                ག་ས་གང་དུ་མ་འཁྱམ་ངལ་རྩོལ་གྱིས།།
                ང་རྒྱལ་དོར་ནས་དྲང་བའི་ལམ་ལ་ཞུགས།།
                ཅ་དག་སློབ་ལྭ་གྱོན་པའི་སློབ་གྲོགས་ཚོ།།
                ཆ་ལུགས་ཀུན་དང་མཐུན་པ་རྩ་བ་ཡིན།།
                ཇ་ཁང་ཆང་ལ་མ་སྤྱོད་རིགས་ཀྱི་བུ།།
                ཉ་དང་ཆུ་མོ་བཞིན་དུ་འགྲོགས་ལུགས་སྦྱོང་།།
                ཏ་ཀུ་འཛིན་པའི་དུས་སུ་མ་ཐོན་ཡང་།།
                ཐ་མག་དུ་བ་ལ་སོགས་རིང་དུ་སྤོངས་།།
                ད་ལྟ་ལོ་ཆུང་དུས་ནས་བརྒལ་སོང་ན།།
                ན་སོ་རྒས་པའི་སྐབས་སུ་སྡུག་གི་ཟེར།།
                པ་ཏྲའི་རབ་མཛེས་མི་ཚེ་བསྐྲུན་འདོད་ན།།
                ཕ་མ་དགེ་རྒན་དག་གི་གསུང་ལ་གསོན།།
                བ་ལང་ལྟ་བུའི་རང་གཤིས་རྩ་དོར་ནས།།
                མ་འོངས་ཕུགས་མདུན་ཆེད་དུ་ཧུར་བརྩོན་གྱིས།།
                ཙ་གེ་ཙིག་གེའི་དཀའ་ངལ་མི་འཛེམ་པར།།
                ཚ་གྲང་མཐོ་ཡང་སློབ་ལ་འབད་བྱས་ན།།
                ཛ་དྲག་རི་ལས་བརྗིད་པའི་མིང་ཐོབ་པས།།
                ཝ་ལྟར་གཡོ་སྒྱུ་མ་བྱེད་སློབ་གྲོགས་ཚོ།།
                ཞ་སྙུག་ལག་ཏུ་བཟུང་ནས་དམིགས་ལ་འབད།།
                ཟ་མ་ཟས་རིགས་ཆུད་ཟོས་མེད་པར་ཟོ།།
                འ་འུར་འདུ་འཛིས་ཉི་མ་མ་ཕུད་ཅིག།།
                ཡ་རབས་ཚུལ་དང་ལྡན་པར་སློབ་ལ་འབད།།
                ར་མ་ལྟ་བུའི་པྲ་ཚགས་བྱིས་པ་ཚོ།།
                ལ་ལུང་མེད་པར་འཁྱམ་པའི་བྱ་སྤྱོད་བསྒྱུར།།
                ཤ་རུས་གཅིག་པའི་བོད་མི་སྤུན་ཟླ་ཚོ།།
                ས་ཕྱོགས་གང་ལ་བསྐྱོད་ཀྱང་འབད་འབུངས་ཀྱིས།།
                ཧ་ཅང་ཚིག་སྦྱོར་དམན་ཡང་དོན་བཟང་བའི།།
                ཨ་མཚར་གཏམ་འདི་ངག་ནས་ཐོལ་གྱིས་ཤོར།།