བྱམས་བརྩེ་ལྡན་པའི་ཨ་མའི་ཞལ་རས། དངོས་གྲུབ་ཀུན་ལྡན།

རྩོམ་པ་པོ།:དངོས་གྲུབ་ཀུན་ལྡན། 2018-09-20
མཚོ་སྔོན་པོ་དྲ་བ།

རུས་མིང་། དངོས་གྲུབ་ཀུན་ལྡན།
འཛིན་གྲྭ། བདུན་དྲུག་འཛིན་གྲྭ།
     ང་རང་འཇིག་རྟེན་འདིར་ཐོན་ནས་ཐོག་མར་ངོ་ཤེས་པ་ནི་ཨ་མའི་ཞལ་རས་ཡིན་ལ། ང་རང་ཆེས་དགའ་བའི་དངོས་པོའང་བྱམས་བརྩེའི་འོད་དཀར་གྱིས་ཁེངས་པའི་ཨ་མའི་འཛུམ་ཞལ་ཡིན།
     སྐབས་འགར་བྱམས་བརྩེ་ལྡན་པའི་ཨ་མའི་ཞལ་རས་མཐོང་ན། ངའི་ཁྲ་ཆུང་མིག་མཐའ་རང་དབང་མེད་པར་མཆི་མ་ཤ་ར་ར་བཞུར། དེའི་རྒྱུ་མཚན་ནི་ང་རང་སློབ་གྲྭ་གྲོལ་ནས་ཕྱིར་ཡུལ་ལ་ལོག་པའི་ཉིན་ཞིག་ལ་གཏམ་ངན་ཞིག་བདག་གི་རྣ་ལམ་དུ་འབྱོར། ཉིན་དེའི་སྔ་དྲོ་ཆུ་ཚོད་བཅུའི་སྔ་རྗེས་སུ་བདག་གི་སྤོ་བའི་ནད་གཞི་ཇེ་སྡུག་ལ་སོང་ནས་སྨན་ཁང་དུ་བུད་སོང་ཟེར་བ་དེ་རེད། ཨ་མས་དོན་དེ་ཐོས་མ་ཐག་ཏུ་སེམས་སྡུག་དྲག་པོས་མནར་ནས་མིག་ཆུ་དབང་མེད་དུ་ཤོར་རུང་། ཨ་མས་ང་རང་མཐོང་ནས་མིག་ཆུ་རེམ་པོར་ཕྱིས་ནས་སྔར་བཞིན་འཛུམ་མདངས་ཤིག་བསྟན་བྱུང་། ཡིན་ནའང་ཨ་མའི་མིག་མདངས་དམར་པོར་ཁྲག་ལྟ་བུར་ཆགས་པས་བླུན་པོ་ཞིག་ཡིན་ན། མིག་འཛུམ་རུང་མིག་མཐའ་མཆི་མ་ཁྱོར་བ་གང་འཁོར་ཞིང་ཁ་བགད་རུང་ཁོག་ལ་སྡུག་བསྔལ་སྒྱེ་མོ་གང་ཡོད་པ་སུ་ལའང་བསྙོན་དུ་མེད། འོན་ཀྱང་ཨ་མས་ང་ལ་སེམས་ཁུར་བྱེད་དུ་མི་འཇུག་པའི་ཆེད་དུ་སྡུག་བསྔལ་རུམ་གང་ཁོག་ལ་བཅུག་ནས་བྱམས་བརྩེའི་འཛུམ་མདངས་ལྷུག་གེར་མངོན་ཡོང་།
     ལྷག་པར་དུ་ཨ་མས་ཆེས་ཐོག་ནས་ཆེས་མཐའ་མའི་བར་དུ་བྱམས་བརྩེའི་ཐུ་འོག་ནས་འཚར་ལོངས་བྱུང་བའི་དྲིན་དྲན་ཐེངས་རེ་རེར་འདུག་མི་བཟོད་པའི་སྣང་བ་ཞིག་ངང་གིས་སླེབས་ཡོང་།
     དེ་ནས་ཡུན་རིང་མ་མགོར་བར་སྨན་ཁང་ནས་བརྡ་འབྱོར་ཏེ་སྤོ་བོའི་གནས་ཚུལ་བཟང་བ་གོ་སོང་།
     སྐད་ཆ་དེ་ཡིག་འབྲི་ཉུང་ཡང་ང་ཚོ་ལ་མཚོན་ན་དེ་ནི་དགའ་ལྷང་ལྷང་གི་ལེགས་སྐྱེས་འདི་ལས་ལྷག་པ་ཞིག་མེད།
     དེ་ནས་བཟུང་ཨ་མའི་བྱམས་བརྩེའི་ཞལ་རས་དེ་ངའི་སེམས་ལ་རྡོ་བརྐོས་རི་མོ་ཇི་བཞིན་གནས་ཡོད།