ང་ཚོའི་སློབ་གྲྭ། ལྕགས་ཐར་འབུམ།

རྩོམ་པ་པོ།:ལྕགས་ཐར་འབུམ། 2018-09-20
མཚོ་སྔོན་པོ་དྲ་བ།
རུས་མིང་། ལྕགས་ཐར་འབུམ།
འཛིན་གྲྭ། བརྒྱད་བཞི་འཛིན་གྲྭ།
    ང་ཚོའི་སློབ་གྲྭ་ ནི་མགོ་མང་གྲོང་བརྡལ་གྱིི་དཀྱིལ་དུ་ཡོད་པ་དང་། སློབ་གྲྭའི་རྒྱ་སྒོ་ཤར་ཕྱོགས་ལ་གཏད་ཅིང་སྒོ་བྱང་དུ་མང་རྫོང་མི་རིགས་སློབ་འབྲིང་གཉིས་པ་ཞེས་པའི་བོད་རྒྱ་ཤན་སྦྱར་གྱི་ཡི་གེ་བྲིས་ཡོད།
    སློབ་གྲྭའི་སྒོ་ཐེམ་དུ་སྤོས་མ་ཐག་ཁྱེད་ཀྱི་མིག་ལམ་དུ་འཆར་བ་ནི་བརྗིད་ཉམས་ལྡན་པའི་ཐོག་བརྩེག་བཞི་ཅན་གྱི་ཁང་ཆེན་སྟར་ལ་སྒྲིག་པ་ཞིག་ཡིན་ལ། དེ་ནི་ང་ཚོའི་སློབ་མ་རྣམས་ཀྱི་ཤེས་བྱའི་རྐྱལ་རྩལ་ངོམ་སའི་སློབ་ཁང་ཡིན། སློབ་ཁང་གི་མདུན་དུ་ཚགས་དམ་ལ་ཁོད་སྙོམས་པའི་རྡོ་གཅལ་བཏིང་བ་དང་འཇམ་ཤ་ལྡན་པའི་ཨར་འདམ་བྱུགས་ཡོད། དེའི་ཕྱོགས་བཞིར་སྔོ་ལྗང་གི་སྡོང་བོ་གཉིས་གཤིབ་ཅིག་བཙུགས་ཡོད་པར་མ་ཟད། སྡོར་རའི་ནང་དུ་དཀར་སེར་གློ་དམར་གྱི་མེ་ཏོག་སྣ་ཚོགས་སྐྱེས་ཡོད་པས་ཁྱེད་ལ་སྤྲོ་སྣང་ཞིག་དབང་མེད་དུ་སྟེར་ནུས། དེ་ནས་སློབ་ཁང་གི་མདུན་ཕྱོགས་སུ་བསྐྱོད་ན་ལུས་རྩལ་ཐང་ཆེན་ཡོད་པ་དེའི་གཞུང་ལ་རྩྭ་ལྗང་རྫུན་མས་ཁེབས་ཤིང་། མཐའ་ན་འགྲན་རྒྱུགས་བྱེད་པའི་ཐིག་བཞི་གཤིབ་ཅིག་དང་སྣེ་གཉིས་སུ་རྐང་རྩེད་སྤོ་ལོའི་རྩེད་ར་དང་གཟེབ་འཕེན་སྤོ་ལོའི་རྩེད་ར་ཡོད། གནས་འདི་ནི་ང་ཚོོ་རྩེད་འཇོ་རོལ་སའི་དོ་ར་དང་ལུས་སྦྱོང་བྱེད་སའི་སྒར་ས་ལྟ་བུ་ཞིག་ཡིན།
    ད་དུང་སློབ་ཁང་གི་གཡས་ཕྱོགས་དང་རྒྱབ་ཕྱོགས་སུ་ཐོག་བརྩེགས་གཉིས་ཅན་གྱི་གསོལ་ཁང་གཉིས་ཡོད་པ་ནི་ང་ཚོའི་ཟ་ཁང་ཡིན་ལ། སློབ་ཁྲིད་གྲོལ་བརྡ་གྲགས་མ་ཐག་སློབ་མ་རྣམས་ཆུ་ལོག་བཞུར་བ་བཞིན་ཟ་ཁང་གི་ཕྱོགས་སུ་རྒྱུགས་ཤིང་འཚངས་ཁ་ཆེ་ཡང་སྐར་མ་ཉི་ཤུ་ཙམ་ལས་མ་འགོར་བར་ཟ་མ་ཟོས་ཚར་འགྲོ།
    ཞོགས་ཟས་དང་ནུབ་ཇ་འཐུང་ཚར་རྗེས་ངེད་འཛིན་གྲྭའི་སློབ་གྲོགས་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་སློབ་ཁང་གི་གཡོན་ཕྱོགས་སུ་ཡོད་པའི་སློབ་དཔོན་ཐོན་མི་དང་མཐུན་པ་སྤུན་བཞིའི་འབག་སྐུའི་མཐའ་བསྐོར་ཏེ་དཔེ་ཆ་ལྟ་བ་དང་སྐྱོར་སྦྱོང་བྱེད་པ་ཡིན།
    འདི་ནི་ང་ཚོའི་སློབ་གྲྭ་སྟེ་སྣབས་ལུད་ཙམ་ཡང་ཕྱི་མི་ཤེས་པའི་བྱིས་པ་དག་གི་བླུན་རྨོངས་སེལ་བའི་སློབ་ར་དང་ཤེས་རིག་གི་གཤོག་ཟུང་བརྐྱང་སའི་བྲག་ཐེམ་ལྟ་བུ་ཡིན།